མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་སྲེག་མཚམས་འཇོག་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཤེས་རབ།

དེ་རིང་ཉིན་གུང་ཆུ་ཚོད་གཉིས་པའི་སྟེང་ཚོགས་པའི་ལས་དོན་ཞིག་གི་ཆེད་དུ་གཞིས་གྲོང་གསུམ་པར་བསྐྱོད་པ་ཡིན། རླངས་འཁོར་ལམ་ལ་ཆས་ཤིང་ལས་རོགས་དུས་ཐོག་ཏུ་མ་སླེབས་པས། ང་རླུང་གིས་ཅུང་འདེགས་བཞིན་ཡོད། ངའི་ཁ་གཏད་ཀྱི་རྐུབ་སྟེགས་སྟེང་གྲྭ་བ་ཆ་མེད་ཅིག་བསྡད་འདུག ཁོང་གིས་ཅི་ཞིག་བཤད་རྩིས་ཀྱིས་ཁ་ཤ་འགུལ་ཙམ་འགུལ་ཙམ་བྱེད། བར་སྐབས་ཤིག་ནས་ཁོང་གིས། དེ་རིང་ཡང་བོད་ནས་རང་ལུས་མེར་བསྲེགས་བཏང་སོང་ཟེར། ལོ་ངོ་འདི་གཉིས་ཀྱི་རིང་ལ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མང་དྲགས་རྐྱེན། ད་ནི་དྲལ་ཏེ་དམིགས་བསལ་གྱི་ཚོར་བ་ཁྱད་པར་བ་མི་སྐྱེ་པའི་ཚད་དུ་བསླེབས་འདུག

ཉིན་འདི་ཚོར་གནམ་གཤིས་ཀྱི་དབང་གིས་མགོ་ན་ཞིང་གཟུགས་གཞི་མ་བདེ་བར་ཡོད་པས། ངས་ལུས་པོ་རྒྱབ་ལ་བསྙེས་ཏེ་མིག་ཟུང་བཙུམ་ནས་སྡོད་རྩིས་བྱས་པ་ཡིན། སྐུ་ཞབས་ཁོང་གིས། རང་བསྲེགས་ལས་འགུལ་སྤེལ་མཁན་ནི་ངའི་ཚ་བོ་རེད་ཟེར། ངའི་མགོ་ནང་ལ་སིང་སྒྲ་ཞིག་གྲགས་བྱུང་། ཨར་མི་བརྟན་པའི་མགོ་ནད་དེ་ཡང་གར་སོང་ཆ་མེད་དུ་གྱུར་སོང་། རང་དབང་མེད་པར་ངས་ཁོང་གི་གདོང་ལ་བསྐྱར་ལྟ་འགའ་བྱ་དགོས་བྱུང་སོང་། ཕར་ལྟ་དུས་ཁོང་གི་ངོ་གདོང་ན་སྐྱོ་གདུང་དང་སེམས་སྡུག་གི་ཉམས་འགྱུར་ཅི་ཡང་མེད་པར་མ་ཟད། ཅུང་ལྷུན་ཆགས་དང་སྤོབས་སེམས་ཀྱི་རྣམ་པ་ཞིག་མངོན་འདུག འོན་ཀྱང་ངས་ཁོང་གི་སེམས་ཁོང་གི་གདུང་ཡུས་དེ་ཚོར་གྱི་འདུག སྙིང་གི་སྟིག་སྒྲ་དེ་ཡང་ཐོས་ཀྱི་འདུག

ངའི་སེམས་ཀྱི་གཏིང་རིམ་ལ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་བརྒྱབ་བྱུང་། གདོང་ཁུག་ལ་ན་ཟུག་དྲག་པོ་ཞིག་བཏང་བྱུང་། ཐོས་དྲལ་དུ་སོང་བའི་རྒྱང་རིང་རྒྱང་རིང་གི་གནས་ཚུལ་དེ་གློ་བུར་དུ་ཁྱོད་ཀྱི་མིག་མདུན་དུ་མངོན་ཞིང་རྣ་ལམ་ནས་གྲགས་ཡོང་སྐབས། ཁྱོད་ཀྱི་ཚོར་བ་ནི་ཅི་ཞིག་གིས་མཚོན་པར་བྱེད་ཐུབ་བམ།

སྐུ་ཞབས་ཁོང་གིས་མུ་མཐུད་དུ་འདི་ལྟར་ཟེར།  ཁ་སང་ཁོས་ང་ལ་ཁ་པར་བཏང་བྱུང་། སྐབས་ཐོག་དེར་ང་ཁོམ་གྱི་མེད། འོན་ཀྱང་། ཁོས་སྐད་ཆ་མང་བོ་མང་བོ་ཞིག་བཤད་ཀྱི་འདུག ད་དུང་།  དེ་རིང་འུ་གཉིས་ཀྱིས་ལྷོད་ལྷོད་བྱས་ཏེ་ཁ་བརྡ་ཞིག་བྱེད་ཟེར། ངས་ཞེ་དྲག་ཡ་བྱས་མེད། བྲེལ་བ་ཆེ་བས། ཁོམ་གྱི་མི་འདུག་ཅེས་བཤད་དེ་ཁ་པར་ཁ་བརྒྱབ་པ་ཡིན་ཟེར། སྐབས་འདིར་ཁོང་གི་སྐད་ངག་ལ་འདར་ཟུག་རྒྱག་བཞིན་འདུག ངོ་གདོང་ལ་འགྱོད་གདུང་དྲག་པོའི་ཉམས་ཤིག་ཤར་འདུག རྦ་རླབས་ལྟར་འཁྲུག་པའི་ཁོང་གི་སེམས་ཚོར་དེས་བརྫིས་པས། ངས་ཁོང་ལ་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་གྱུར།

སྐབས་འདིར་ཁོང་གི་སྐྱོ་ཉམས་དང་ལྷན་དུ་ངའི་མིག་ལམ་ལ་ངོ་གདོང་གཞན་མང་བོ་ཞིག་ཀྱང་འཇིགས་སུ་རུང་བའི་ཚུལ་གྱིས་ཤར་བྱུང་། དེ་དག་ནི་གཞན་གྱི་ཚེ་སྲོག་ལ་རྩེད་སྤྱད་བྱེད་མཁན་དག་གི་ངོ་གདོང་རེད། གཞན་གྱི་སྡུག་བསྔལ་གྱིས་རང་གི་སེམས་ཚོར་སྒྲུབ་པར་བྱེད་འདོད་མཁན་དག་གི་ངོ་གདོང་རེད། མདོར་བསྡུས་ནས་བཤད་ན། རང་ཉིད་སྐྱིད་ཉལ་རྒྱག་བཞིན་གཞན་ལ་རྣམ་པ་ཅི་རིགས་པའི་སྒོ་ནས་མེར་བསྲེགས་གཏོང་བར་སྐུལ་མཁན་དག་གི་ངོ་གདོང་རེད། འདི་དག་གི་ངོ་གདོང་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ཅི་འདྲའི་གདུག་རྩུབ་ཅིག་ལྡན་འདུག་ཨང་།

ང་ཚོའི་བདེན་དོན་རྩོད་སྟངས་ནི་ཞི་བདེ་དང་རང་གཞན་གཉིས་ཕན་གྱི་ཐབས་ལམ་ཡིན་ལ། མཐར་ཐུག་གི་དམིགས་ཡུལ་ནི་མི་ཐམས་ཅད་ཞི་བདེ་ལྷིང་འཇགས་ཀྱིས་འཚོ་གནས་བྱེད་རྒྱུ་དེ་ཡིན། འོན་ཀྱང་ད་ལྟ་མེར་བསྲེགས་ཀྱིས་གྲོངས་པའི་གྲངས་ཚད་ནི་ལྔ་ཅུ་མ་ཟིན་ཙམ་དུ་གྱུར་ཡོད། སྐུ་ཞབས་ཁོང་གིས་གདོང་བ་གནམ་ལ་འཁོར་ཏེ་སྐྱོ་ཉམས་ཆེན་པོས་གསུང་རྒྱུར། ད་ངོ་མ་དཀའ་ལས་ཁག་པོ་རེད། ང་ཚོའི་མི་འདི་ལྟར་གྲོངས་བཞིན་ཡོད་པ་རེད། ཕ་རོལ་ཕྱོགས་ནས་འགྱུར་བ་ཅུང་ཙམ་ཡང་གཏོང་གི་མི་འདུག་ཟེར། རེད་དེ། ཚེ་སྲོག་ལ་མཚོན་ན་ལྔ་ཅུར་ཉེ་བའི་གྲངས་ཀ་ནི་གྲངས་ཀ་ཉུང་ཉུང་ཞིག་ག་ལ་ཡིན། མ་ཟད་རང་ག་བ་ཞིག་དེ་བས་ཀྱང་མིན། འཇིག་རྟེན་ན་ཆེས་རྩ་ཆེ་ཞིང་བླ་ན་མེད་པ་ནི་ད་གཟོད་ཚེ་སྲོག་ཡིན། འོན་ཀྱང་བོད་ཀྱི་ལྷིང་འཇགས་དང་ཞི་བདེའི་འཚོ་གནས་ལ་ཅུང་ཙམ་ཡང་མ་ཕན་པར་མ་ཟད། རྐྱེན་འདི་དག་ལ་རྟེན་ཏེ་བོད་ཡུལ་དུ་རྒྱ་མི་དང་རྒྱ་དམག་ཇེ་མང་ནས་ཇེ་མང་རེད། བོད་མི་ཚོའི་འཚོ་གནས་དང་བདེ་འཇགས་ལ་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་རེད། བོད་མིའི་སྟེང་དམ་དྲག་ཇེ་མཐུ་ནས་ཇེ་མཐུ་རེད། ད་ནི་ཕྱོགས་གང་གི་ངོས་ནས་ཀྱང་འགྱུར་བ་ཞིག་བཏང་ན་ཅི་མ་རུང་ཨང་།

ཁོང་གིས་མུ་མཐུད་དུ་གསུང་དོན། ཡུལ་མི་ཚོ་གཙོས་པའི་མི་དམངས་ཀྱིས་ཚ་བོའི་ཕུང་བོ་དེ་རིང་སྐར་མ་བྱེད་རྩིས་འདུག རྒྱ་དམག་སླེབ་བཞིན་ཡོད་པས། གལ་སྲིད་བསླེབ་ཚེ་སྐུ་ཕུང་འཕྲོག་འགྲོ་ངེས་རེད། མི་མང་གིས་སྐར་མ་མ་ཚར་བར་ལམ་ནས་རྒྱ་དམག་འགོག་རྒྱུའི་འཆར་གཞི་འདུག སྐབས་ཐོག་དེར་ཐོན་དུས་ཡང་བསྐྱར་གནས་ཚུལ་ཅི་འདྲ་ཞིག་འབྱུང་ངམ་ཟེར། ངས་ངག་ནས་ཐོན་ལ་མི་ཐོན་པའི་ངང་ཁོང་གི་ཚ་བོའི་མཚན་ལ་ཅི་ཟེར་དྲིས་པ་ཡིན། ཁོང་གིས་ཁ་པར་གྱི་ཁ་ཕྱེས་ཏེ་པར་གཉིས་སྟོན་བཞིན། འདི་རེད། མིང་ལ་བློ་འཛིན་ཟེར། ལོ་བཅོ་བརྒྱད་རེད། དེ་རིང་ཉིན་གུང་རྒྱལ་རོང་ཚོ་བདུན་དུ་རང་ལུས་བསྲེགས་ཏེ་ངོ་རྒོལ་ལས་འགལ་སྤེལ་བ་རེད་ཟེར། ཁོང་གིས་བསྟན་པའི་པར་དེ་གཉིས་ལས་གཅིག་ནི་གྲྭ་བ་ལོ་བཞོན་ཞིག་གིས་ཁ་པར་ལྟེབ་མ་ཅན་ཞིག་ཁ་ཕྱེས་ཏེ་འགྲམ་པའི་ཐད་དུ་བཟུང་འདུག་པ་དང་། པར་གཞན་དེ་ནི་མེ་ལྕེ་མཆེད་བཞིན་གཞུང་ལམ་སྟེང་དུ་འགྱེལ་ཡོད་ཅིང་པར་ཟུར་དུ་གྲྭ་བ་ཞིག་གི་གོས་ཟུར་མངོན་ཡོད་པ་ཅན་ཞིག་རེད།

ངས་པར་དེ་གཉིས་ལ་ཞིབ་ལྟ་བྱེད་བཞིན་པའི་སྐབས། རླངས་འཁོར་འབབ་ཚིགས་སུ་འབྱོར་སོང་། ངས་མྱུར་མོར་ཁོང་བཀག་སྟེ་རླངས་འཁོར་གླ་ཆ་མཉམ་དུ་རྩིས་རྒྱག་སྐབས། གྲོགས་པོ་གཞན་ཞིག་གིས་ལག་སྔ་བརྩད་སོང་། ཅང་མ་འགོར་བར་མི་སྐྱ་ཞིག་སྦག་སྦག་ཞོན་ཏེ་ཁོང་གི་མཁྲིས་སུ་སླེབས་སོང་ལ། ཁོང་གིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁ་པར་ནང་ཛ་དྲག་གི་རྣམ་པ་ཆེ་བའི་སྐད་ཆ་ཞིག་ཤོད་བཞིན་སྦག་སྦག་འཕང་ལ་ཞོན་ཏེ་ཡར་བུད་སོང་། ངས་སེམས་ཁོང་ནས་མིག་ཆུ་འདོན་བཞིན་ཡལ་བཞིན་པའི་ཁོང་གི་རྒྱབ་གཟུགས་ལ་ཅེར་བསྡད་པ་ཡིན་ལ། རིག་སྟོབས་ཅན་གྱི་མི་བོ་ཞིག་ང་ཚོ་དང་གཏན་དུ་ཁ་བྲལ་སོང་བར་འཕང་སེམས་སྐྱེ་བཞིན་འགྲེང་བསྡད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 16

  1. ལུང་རྟོགས། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཞེསཔ་འདི་ནམ་ཡིན་རུང་བོད་གཞུང་དང་བཙན་བྱོལ་བ་ཚོས་མ་འགྲིག་མ་འཐུས་ཀྱང་བཤད་པ་ལས་རྒྱ་གཞུང་ལ་ཚིག་ཅིག་བཤད་པ་མཐོང་རྒྱུ་མེད། ད་དུང་ལྷག་བསམ་ཆེ་མདོག་གིས་སྐད་ཆ་འདི་འདྲ་བཤད་པ་ལ་ཡིད་ཆེས་མཁན་ཚོ་ནི་ལྐུགས་པ་ལྐུགས་ནག་རེད། ཤེས་སོང་ངམ།

    Reply
  2. རྒྱང་མིག says:
    ལོ་ 14 སྔོན།

    སྤྲུལ་སྐུ་ལགས། བླ་སྤྲུལ་ཚོའི་ཆོག་ཤེས་དེས་ང་ཚོའི་ལོ་རྒྱུས་ལ་ནག་ཉེས་མང་པོ་བསགས་ཡོད་པ་རེད། ད་ཡང་ཁོང་གི་བྱམས་སེམས་སྤུ་སིལ་མ་དེ་ང་ཚོ་གནོད་བསྐྱལ་དུ་སླེབས་སོང་། ཡ་མ་བརླ་ཡི་བླ་སྤྲུལ་ཚོ་ཉན་རྒྱུ་གང་ཡང་མེད་ངོ་རྒོལ་ཡོད། སྤྱིར་སྟངས་མེ་བསྲེགས་མཚམས་འཇོག་མིན་དེ་མི་རིགས་ཀྱི་གནད་དོན་ཐུག་ཡོད་པས་སྒེར་སུ་གཅིག་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མེད།།

    Reply
  3. རྒྱ་རགས། says:
    ལོ་ 14 སྔོན།

    ”བོད་ཀྱི་ལྷིང་འཇགས་དང་ཞི་བདེའི་འཚོ་གནས་ལ་ཅུང་ཙམ་ཡང་མ་ཕན”
    ”ད་ནི་ཕྱོགས་གང་གི་ངོས་ནས་ཀྱང་འགྱུར་བ་ཞིག་བཏང་ན་ཅི་མ་རུང་ཨང་། ”

    ཁྱེད་ཀྱི་སྐད་ཆ་དུམ་བུ་དེ་ཚོ་བློ་ངོར་བདེ་བོ་རང་མ་བྱུང་།

    Reply
  4. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    དོ་དགོང་འབྲས་སྤུངས་ཚོགས་ཆེན་གྱིས་མེར་སྲེག་འདས་པོ་རྣམས་ལ་སྨོན་ལམ་མཆོད་འབུལ་འཚོགས་སོང་། ད་དུང་མུ་མཐུད་དུ་ཉིན་གསུམ་ལ་འཚོག་རྒྱུ་ཟེར།

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    དམིགས་ཀྱིས་བཤད་རྒྱུ་ཞིག་ལ། རང་སྲེག་གིས་ཚེ་སྲོག་ཡལ་བཞིན་པའི་གནད་དོན་འདི་རྒྱ་ནག་ལ་འགན་མི་འདུག་ཅེས་གཏན་ནས་བཤད་མེད་པ་མ་ཟད། གནད་དོན་དེ་རྒྱ་ནག་ལ་ཐུག་ཡོད་པ་གཞིར་བཞག་གིས་སྐད་ཆ་གཞན་བཤད་བཞིན་ཡོད་པ་ཤེས་པར་གྱིས།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    སྤྱིར་ཡིན་ན་ངས་རང་སྲེག་ལ་སྐུལ་མ་བྱེད་མཁན་དག་གི་མིང་དང་ཁོ་ཚོའི་སྐད་ཆ། དེ་བཞིན་དུ་རྩོམ་ཡིག་བཅས་རེ་རེ་བཞིན་མི་རྣམས་ཀྱི་མིག་མདུན་དུ་བཀྲམ་དགོས་པ་རེད་མོད། འོན་ཀྱང་ད་གཞན་ལ་དགྲ་བསགས་ན་མི་འདོད་ཀི  གང་ལྟར་ངས་བཀྲམ་རུང་མ་བཀྲམ་རུང་མི་རང་རང་གིས་སོ་སོས་ག་རེ་བྱེད་ཀྱི་ཡོད་མེད་སོ་སོའི་སེམས་ན་ཁྲ་ཆིལ་ལེར་ཡོད་པ་རེད། ཡང་གཅིག་བཤད་ན། རྩོམ་ཡིག་འདིས་མི་དེ་ཚོའི་གྲས་རེ་རེ་བཞིན་ས་ཁར་དྲུད་ཡོང་གི་འདུག་ལ། མི་རིང་བར་ད་དུང་ཡང་རང་གཟུགས་ཇེ་གསལ་ངང་ཐོན་ཡོང་གི་རེད་འདོད།

    Reply
  7. ཨ་མདོ་བ། says:
    ལོ་ 14 སྔོན།

    ཡ་ཡ་གྲྭ་རྒན་ཁྱོད་ཀྱིས་བཤད་ས་ངོ་མ་དེ་རིན་པོ་ཆེ་ཚང་རེད་མོ། རྒྱ་ནག་གི་བཤད་བཞིན་པ་དང་བཤེད་འདོད་པ་ཚང་མ་ཁྱོད་ཀྱིས་བཤེད་འདུག

    Reply
  8. ཤར་མདའ། says:
    ལོ་ 14 སྔོན།

    བསྟན་ཤེར་ལགས།   གཞན་གྱི་ཚེ་སྲོག་གི་རྩེད་སྤྱད་བྱེད་མཁན་ཡོད་ན་རྒྱ་ནག་དམར་གཞུང་རེད་རང་ཉིད་སྐྱིད་ཉལ་རྒྱག་བཞིན་རྣམ་པ་ཅི་རིགས་པའི་སྒོ་ནས་མེར་བསྲེགས་གཏོང་བར་སྐུལ་མཁན་ཞིག་གང་དུ་འདུག་འདི་ལྟར་ཚིག་འདི་དག་གི་རིགས་བཀོལ་སྤྱོད་མ་གནང་རོགས་གཞན་མེ་བསྲེགས་འཚམས་འཇོག་གི་འབོད་སྐུར་ལ་རྒྱབ་སྐྱོར་ཡོད།

    Reply
  9. སྟོང་བཙན། says:
    ལོ་ 14 སྔོན།

    རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བརྟེན་ནས་རང་སྲེག་བྱུང་བ་རེད་དམ། རང་སྲེག་གཏོང་མཁན་ཚོའི་གྲས་སུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཐེར་འདོན་གནང་མཁན་ག་ཚོད་ཡོད་དམ། དེ་དོན་དངོས་ཤིག་རེད།

    ཁོང་ཚོའི་མངོན་འདོད་གང་ཞིག་རྒྱ་ནག་གཞུང་གིས་མ་སྒྲུབ་པ་དང། དེ་སྒྲུབ་རྒྱུར་བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོའི་ཅི་ཞིག་བྱེད་བཞིན་པ་ཡིན་ནམ། ཁ་གཏད་རྒྱ་ནག་གིས་མཁྲེགས་བཟུང་བྱེད་བཞིན་ནའང། བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོར་རང་སྲེག་ཐད་འགན་ཁུར་གང་ཡང་མེད་པ་རེད་དམ། བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོས་ཁོང་ཚོས་རང་སྲེག་གཏོང་བཞིན་པ་དེར་ལམ་སྟོན་གནང་དགོས་ཀྱི་མ་རེད་དམ། ཡིན་དང་མིན་ལབ་རྒྱུའི་ཐོབ་ཐང་མེད་ཅེས་བཤད་བསྡད་ན། ཉིན་རེ་ནས་ཉིན་རེ་ཚེ་སྲོག་རེ་མེས་འཚིགས་བཞིན་པ་དེའི་འགན་སུས་ཁུར་རམ། ཁོང་ཚོ་མགོན་མེད་གཞུང་མེད་རྐྱང་རྐྱང་རེད་དམ།

    ཁོང་རྣམས་པས་རང་སྲེག་གཏོང་བ་བོད་ཀྱི་རང་དབང་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་ཡིན་པ་གསལ་བ་ལྟར། བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོས་ཁོང་རྣམ་པའི་ནུས་པ་རྐྱང་པར་བརྟེན་ནས་དོན་དག་དེ་གཉིས་འགྲུབ་རྒྱུར་རེ་བ་རྒྱག་གི་ཡོད་དམ། མེད་ན། ཁོང་ཚོའི་རང་སྲེག་དེ་གནས་བབ་གང་དུ་ཟགས་རྒྱུ་རེད་དམ། དེ་ལ་བཙན་བྱོལ་གཞུང་གི་མགོ་ཁྲིད་ཚོར་ཅིའི་ཕྱིར་འགན་མེད་པ་རེད་དམ། གནས་སྐབས་ནུས་པ་མི་ཐོན་ན། ག་དུས་ནུས་པ་ཐོན་གྱི་རེད་དམ། དེ་བཤད་ཚོད་མི་ཐིག་ན། ང་ཚོ་མགོ་ཁྲིད་ཀྱིས་ག་རེ་བྱེད་དམ། མི་མང་དང་གཞུང་། མི་མང་དང་མགོ་ཁྲིད་ཟེར་བའི་ཚིག་དེ་གཉིས་ལ་ཁྱད་པར་མེད་དམ། མགོ་ཁྲིད་ཀྱིས་ག་རེ་མགོ་ཁྲིད་ཀྱི་ཡོད་པ་རེད་དམ།

    ག་དུས་ཡིན་ན། རྫིག་གཏམ་བཤད་བསྡད་རྒྱུར་ངོ་མི་ཚའམ། དམག་ཅིག་རྒྱག་པའི་དབང་དུ་བཏང་ན། རྒྱལ་ཁ་མི་ལོན་ན། སོ་སོའི་དམག་ལ་སྲུང་སྐྱོབ་བྱེད་ཨེ་ཐུབ་ལྟ་རྒྱུ་ནི་དམག་དཔོན་ཞིག་གི་འོས་འགན་རེད། ང་ཚོ་ཅིའི་ཕྱིར་འགན་ཁུར་མི་དགོས་པའི་མགོ་ཁྲིད་འདི་འདྲ་སླེབས་པ་རེད་དམ། ང་ཚོའི་མགོ་ཁྲིད་ཚོའི་རང་སྟེང་གི་ནུས་པ་དང་འོས་འགན་དེ་བརྗེད་འགྲོ་བ་རེད་དམ། རྦད་དེ་མེད་པ་རེད་དམ། ང་དངོས་གནས་གསལ་བསྒྲགས་འདི་འདྲ་ཀློག་རྒྱུར་སུན་སྣང་སྐྱེ་ཡི་འདུག

    Reply
  10. ཨུ་ཚུགས་ཅན། says:
    ལོ་ 14 སྔོན།

    ངོ་མ་སེམས་སྐྱོ་དགོས་པ་ཞིག་འདུག དགྲ་དགའ་གཉེན་སྡུག་གི་སྐད་ཆ་མཚམས་བཞག་ན་རེད།

    Reply
  11. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    སྐད་ཆ་དེ་རྒྱ་ནག་གཞུང་ལ་ཤོད་དགོས་པ་ལས་བཙན་བྱོལ་ནང་ནས་སྐྱིད་ཉལ་བྱས་དེ་སྐད་ཆ་སྟོང་བ་བཤད་ནས་དགོས་ཕན་གང་ཡང་མེད་་་

    Reply
  12. གངས་ཕྲུག་། says:
    ལོ་ 14 སྔོན།

    མེ་བསྲེགས་མཚམས་འཇོག་གི་འབོད་སྐུལ་ལ་རྒྱབ་སྐྱོར་ཡོད།
    ངས་ཀྱང་སྔོན་མར་འདིའི་སྐོར་ལ་བསམས་ཚུལ་ཞུ་ཡོད་།
    ལུང་རྟོགས་ལག་ཁྱོད་ཀྱིས་རང་ཉིད་ཀྱི་རང་དབང་ཆ་ཚང་ལོངས་སུ་སྤྱོད་རོག་གནང་།
    དེ་འདྲ་གནང་མ་ཐུབ་ན་ཁྱོད་ཀྱིས་སྐད་ཆ་སྟོང་པ་རེད།

    Reply
  13. དེད་དཔོན། says:
    ལོ་ 14 སྔོན།

    མེ་བསྲེགས་མཚམས་འཇོག་གི་འབོད་སྐུལ་ལ་རྒྱབ་སྐྱོར་ཡོད།
    ངས་ཀྱང་སྔོན་མར་འདིའི་སྐོར་གྱི་རྩོམ་ཡིག་སྔ་ཕྱི་ཚར་བཞི་ཙམ་སྤེལ་མྱོང་།

    འོན་ཀྱང་ཁྱོད་ཀྱིས་བསམ་གཞིག་མ་བྱས་པའི་ཚིག་ཁ་ཤས་ཤིག་བེད་སྤྱོད་བྱས་འདུག
    ༼རྣམ་པ་ཅི་རིགས་པའི་སྒོ་ནས་མེར་བསྲེགས་གཏོང་བར་སྐུལ་མཁན་༽སོགས་ཀྱི་ཉན་མི་སྤྲོ་ཞིང་མཐོང་མི་འདོད་པའི་ཡིག་འབྲུ་ཁ་ཤས་རེད། རྒྱ་དམར་པོ་གཞུང་གིས་སྐད་ཆ་དང་སྒོ་ཀུན་ནས་མཚུངས་པ་མ་ཟད་་་ད་དུང་མི་དེ་དག་ཁྱོད་ཀྱིས་ངོ་གདོང་ངོས་ཟིན་མདོག་གི་གཏམ་འཆར་ཞིག་ཀྱང་སྤེལ་འདུག གཟབ་གཟབ་མ་མཛད་ན་དགྲ་དགའ་གཉེན་སྡུག་གི་སྐད་ཆ་འགྱུར་ཉེས་ཆེ་བས་རྗེས་མར་ཡིད་གཟབ་གནང་རོགས།
    སྤྱིར་བཏང་ཁྱེད་རང་སྤུན་ཟླའི་ལས་དབང་ལ་མ་བཟོད་ནས་བྲིས་པ་ཞིག་ཡིན་ཀྱང་ཤ་རུས་གཅིག་པ་རྣམས་ལ་ཤ་ཚ་མེད་མཁན་མགོ་རྣ་མེད་པའི་བོད་པ་ཁ་ཤས་རེད་མ་གཏོགས་གཞན་དག་སུ་ཞིག་ཡོད།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    བསྟན་འཛྀན་ཤེས་རབ་ལགས། སུ་ཞིག་གིས་ཚེ་སྲོག་ལག་རྩེད་དུ་བྱེད་ཀྱིན་འདུག རྒྱ་གཞུང་ལ་ཁ་གཏོང་མ་ཐུབ་ནའང་བོད་མི་ནང་ཁུལ་དུ་ཞལ་བཙུམ་ཐུབ་ན་མི་ལེགས་སམ། མིའི་སྲོག་ལ་ལག་རྩེད་བྱེད་མཁན་ཞིག་ཡོད་ན་དེ་ནི་རྒྱ་གུང་ཁྲན་ཡིན་པ་ཤེས་དགོས། བོད་མི་གྲངས་མེད་ཀྱིས་ཚེ་སྲོག་བཏང་ནས་ངོ་རྒོལ་བྱས་ཀྱང་ད་དུང་གནས་ཚུལ་གཅིག་ཀྱང་ལྷགས་མེད་པ་ལྟ་བུས་རྐུབ་བཀྱག་ཆེན་པོའི་སྟེང་འགྱིང་བཞྀན་པའི་རྒྱ་མིའི་དབུ་འཁྲིད་ལྟས་ངན་དེ་ཚོ་རེད། རང་གི་མི་སེར་ཚོས་ལུས་གསོན་པོར་བསྲེགས། སྡུག་བསྔལ་འཛམ་གླིང་ལ་བསྒྲགས་ཀྱང་ད་དུང་ང་ཚོ་སྐྱིད་པོ་ཡིན་ཟེར་ནས་བསྡད་མི་འདུག་གམ། ཁྱེད་ཀྱིས་སྨྱུ་གུ་རྒྱ་གཞུང་གི་སྙིང་ལ་བསྣུན་ནས་རྩོམ་ཡིག་སྤེལ་ན་ལེགས་སོ། །

    Reply
  15. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    ཚོར་བ་གསོན་ཉམས་ལྡན་པ་ཞིག་བྲིས་འདུག འོན་ཀྱང་༼ སྐབས་འདིར་ཁོང་གི་སྐྱོ་ཉམས་དང་ལྷན་དུ་ངའི་མིག་ལམ་ལ་ངོ་གདོང་གཞན་མང་བོ་ཞིག་ཀྱང་འཇིགས་སུ་རུང་བའི་ཚུལ་གྱིས་ཤར་བྱུང་། དེ་དག་ནི་གཞན་གྱི་ཚེ་སྲོག་ལ་རྩེད་སྤྱད་བྱེད་མཁན་དག་གི་ངོ་གདོང་རེད། གཞན་གྱི་སྡུག་བསྔལ་གྱིས་རང་གི་སེམས་ཚོར་སྒྲུབ་པར་བྱེད་འདོད་མཁན་དག་གི་ངོ་གདོང་རེད། མདོར་བསྡུས་ནས་བཤད་ན། རང་ཉིད་སྐྱིད་ཉལ་རྒྱག་བཞིན་གཞན་ལ་རྣམ་པ་ཅི་རིགས་པའི་སྒོ་ནས་མེར་བསྲེགས་གཏོང་བར་སྐུལ་མཁན་དག་གི་ངོ་གདོང་རེད། འདི་དག་གི་ངོ་གདོང་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། ཅི་འདྲའི་གདུག་རྩུབ་ཅིག་ལྡན་འདུག་ཨང་། ༽ ཞེས་པའི་ཚིག་འདི་དག་མཐོང་ན་མི་འདོད་ཅིང་བཀླག་ན་སེམས་ན་བྱེད་ཅིག་རེད། དོན་དངོས་དེ་འདྲའི་ཁུངས་ལྡན་མིག་མཐོང་ལག་ཟིན་ཡོད་ན་དེ་དག་གི་མིང་འདི་དང་དེ་ཞེས་ངོ་གདོང་བྱི་དགོས་པ་རེད། གཞན་ཚོར་བ་ཙམ་དང་རྣམ་རྟོག་ཙམ་གྱིས་དགྲ་དགའ་གཉན་སྡུག་ལས་མ་འདས་སོ།།

    Reply
  16. ལུང་རྟོགས། says:
    ལོ་ 14 སྔོན།

    མེ་བསྲེགས་མཚམས་འཇོག་བྱེད་དགོས་ན་དང་པོ་རྒྱ་དམར་གཞུང་གི་དྲག་གནོན་མཚམས་འཇོག་བྱེད་ཆུག དེ་མིན་སྐད་ཆ་སྟོང་པ་རེད། ཕྱི་ལོགས་ཀྱི་མི་མང་པོས་རང་ཉིད་ཀྱིས་རང་དབང་ཆ་ཚང་ལོངས་སུ་སྤྱོད་བཞིན། བོད་ནང་གི་བོད་མི་ཚོའི་གཞན་དབང་འོག་གི་དཀའ་སྡུག་གཏན་ནས་མི་གཏོགས་པའི་སྐད་ཆ་ཀྱང་ཀྱང་བཤད་ཀྱི་འདུག ཡང་མི་ཁ་ཤས་ལ་ནི་དམིག་ཡུལ་གཞན་དག་ཀྱང་ཡོད་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese