ལ་དྭགས་ཁུལ་ནས་མགོ་འཛུགས་བྱས་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཧི་མ་ཅལ་ཀང་རཱ་རྫོང་ཁོངས་ནུར་པུར་ས་གནས་བརྒྱུད་སཱ་རཱ་མཐོ་སློབ་ཏུ་འབྱོར་སོང་ལ། ནུར་པུར་འབྱོར་སྐབས་ས་གནས་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ལས་བྱེད། ཡུལ་མི་བཅས་ ༡༠༠ ལྷག་འདུ་འཛོགས་མཉམ་ཞུགས་བྱས་ཡོད།
དེ་རིང་ཉིན་རྒྱབ་ཉེ་སྔོན་ཕྱི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལ་དྭགས་རྒྱལ་ས་སླེ་ནས་མགོ་འཛུགས་བྱས་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ་ཧི་མ་ཅལ་ཀང་རཱ་རྫོང་ཁོངས་ནུར་པུར་(Nurpur) རུ་འབྱོར་ཏེ། ངྷ་ས་ས་གནས་མགོ་འཛིན་གཙོས་པའི་ཚོགས་པ་སྐྱིད་སྡུག་ཁག་ ༡༡ དང་། ས་གནས་གཞོན་ནུ་དང་བུད་མེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ ༡༥ ཙམ་གྱི་སྐུ་ཚབ་ཆེད་བཅར་གྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་རྩིས་ལེན་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་ས་གནས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཀེ་ཤཱི་(Rakesh Pathania) ལགས་ཀྱི་མཛད་སྒོའི་སྐུ་མགྲོན་དུ་བཅར་ཏེ། ནུར་པུར་ས་གནས་ཡུལ་མི་ཚོར་བདེན་པའི་མེ་ལྕེ་སྐོར་སྐྱོད་ནང་མཉམ་ཞུགས་བྱས་པར་དགའ་བསུ་དང་། བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་དཀའ་ངལ་ནི་དངོས་ཡོད་གནས་ཚུལ་ཡིན་པ། བོད་ཀྱི་རྩ་དོན་ལ་རྒྱ་གར་ཡུལ་མི་ཚོས་རྒྱབ་སྐྱོར་བྱ་དགོས་པ་སོགས་ཀྱི་འབོད་སྐུལ་གནང་སོང་།
ནུར་པུར་ནས་ངྷ་སའི་ཚོགས་སྐྱིད་ཁག་གི་འཐུས་མི་ཚོས་བདེན་པའི་མེ་ལྕེ་སྐོར་སྐྱོད་རྩིས་ལེན་གྱིས། སྤྱི་ལེ་ལྔ་བཅུ་ལྷག་གི་གཞུང་ལམ་བརྒྱུད་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ སྟེང་སཱ་རཱ་མཐོ་སློབ་ཏུ་འབྱོར་ཏེ། སཱ་རཱའི་སློབ་སྤྱི་འཇམ་དཔལ་གྲངས་པ་ལགས་གཙོས་བའི་དགེ་སློབ་ལྷན་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་རྩིས་ལེན་བྱས་ཡོད་ཅིང་། སིང་ཉིན་ཞོགས་པར་སཱ་རཱའི་དགེ་སློབ་ཚོའི་འགན་ཁུར་འོག་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་རྩིས་འབུལ་བྱ་རྒྱུ་ཡིན་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་འདི་ནི་རང་ལུས་མེ་རུ་འབར་བཞིན་པའི་བོད་ནང་གི་དངོས་ཡོད་གནས་ཚུལ་མཚོན་ཐབས་དང་། དངོས་ཡོད་ཀྱི་བདེན་པ་འདི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་ཞུ་འབོད་བྱ་ཆེད། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་། རྒྱ་གར་བྱང་ཤར་ཤིས་ལོང་། རྒྱ་གར་ལྷོ་ཕྱོགས་ཀོ་ཅི་བཅས་རྒྱ་གར་གྱི་སྣེ་གསུམ་ནས་མགོ་འཛུགས་ཀྱིས། རྒྱ་གར་གྲོང་ཁྱེར་དང་ས་གནས་ཁག་ནང་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཐོག ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་གཅིག་དུས་གཅིག་ཏུ་འབུལ་རྒྱུ་ཡིན་འདུག
ཐེངས་འདིའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་འདུན་ཁག་ནི། ༡༽ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐད་བཞག་པའི་གྲོས་ཆོད་ཁག་བསྐྱར་དུ་རྒྱལ་ཚོགས་ནང་གླེང་སློང་ལག་བསྟེར་ཡོང་ཐབས་བྱ་དགོས་པ། ༢༽ བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་མི་འཕྲལ་དུ་གཏོང་དགོས་པ། ༣༽ བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་དགོས་པ་བཅས་རེད།
གསར་འགོད་པ། བནྡེ་སྐྱབས།