བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་འབྱོར་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཉེ་འཁྲིས་དང་བཅས་པར་སྐོར་སྐྱོད་ལེགས་འགྲུབ་བྱུང་སྟེ། ཉིན་དེའི་ཕྱི་དྲོ་ཧུན་སུར་བོད་མིའི་གཞིས་ཆགས་ཉེ་འཁྲིས་སྒུ་རུ་སྤུ་ར་ (Gurupura) ཞེས་པའི་ས་གནས་སུ་ཧུན་སུར་ས་གནས་ལས་འགུལ་གོ་སྒྲིག་ཚོགས་ཆུང་ལ་རྩིས་སྤྲོད་གནང་ཡོད་འདུག སྐབས་དེར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་ས་འཐུས་ཚོགས་གཙོ་རྡོ་རྗེ་ལགས། ས་གནས་མགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་བཅས་གཙོས། ཁུལ་དེའི་དགོན་སྡེ་ཁག་གསུམ་གྱི་མཁན་པོ་ལས་སྣེ་དང། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ། སེར་སྐྱ་མི་མང་བཅས་ཀྱིས་རབ་རྒྱས་གླིང་གཞིས་ཆགས་སུ་ཡོད་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་བར་གོམ་བགྲོད་བྱས་ཡོད་པ་མ་ཟད། དེར་ཡོད་དགོན་པའི་ནང་མཛད་སྒོ་ཞིག་ཚོགས་ཏེ། སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་ཞཱ་ཎ་ཐི་ (Vishanath) ལགས་ཀྱི་སྐུ་ཚབ་སྐུ་ཞབས་པི་རཱ་བྷོ་ (Prabhu ) ལགས་གཙོས། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་མི་དམངས་བཅས་ཀྱིས། རང་ལུས་མེར་བསྲེཊ་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྐར་མ་གཉིས་རིང་ངག་བཅད་མྱ་ངན་བྱས་རྗེས། ས་གནས་མགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་དེར་ཡོད་སེར་སྐྱ་མི་མང་ལ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ངོ་སྤྲོད་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་གྱི་གཏམ་བཤད། སྐུ་མགྲོན་གཙོ་བོ་སྐུ་ཞབས་པི་རཱ་བྷོ་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཏམ་བཤད་བཅས་གནང་ཡོད་འདུག
ཕྱི་ཚེས་ ༣༠ ཉིན་ནས་བཟུང་བདེན་པའི་མེ་ལྕེ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་། གཞིས་ཆགས་ཉེ་འཁྲིས་ཀོ་ཊི་ ( Kote ) གྲོང་ཁྱེར་བཅས་སུ་སྐོར་སྐྱོད་བྱས་ཏེ། དེ་རིང་གཞིས་ཆགས་ཀྱི་གཞིས་གྲོང་སོ་སོའི་ནང་སྐོར་སྐྱོད་གནང་གི་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༢ ཉིན་ཧུན་སུར་གྲོང་སྡེ་ལས་ཁུངས་དང་། ཉེ་འཁྲིས་ ( K.R. Nagar ) གྲོང་ཁྱེར་ནང་སྐོར་སྐྱོད་དང་མཉམ་དུ་མཚན་རྟགས་བསྡུ་རུབ་བྱ་རྒྱུ་ཡིན་འདུག