དེ་རིང་ཉི་ཧོང་དང་བྱང་ཀོ་རེ་ཡའི་རྒྱ་གྲམ་དམར་པོ་ཚོགས་པའི་འཐུས་མི་མཉམ་འབྲེལ་ཐོག བྱང་ཀོ་རེ་ཡའི་ནང་དུར་སྦས་བྱས་ཡོད་པའི་ཉི་ཧོང་དམག་མིའི་ཕུང་པོ་ཕྱིར་བསློག་རྒྱུར་གཞུང་གཉིས་པར་གྲོས་མོལ་ཡོང་ཐབས་བྱ་འཆར་ཡོད་སྐོར་བརྗོད་འདུག
ཉེ་ལམ་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་(Red Cross) ལྷན་འཛོགས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དེར་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་རྒྱ་གྲམ་དམར་པོ་ཚོགས་པའི་འཐུས་མི་མཉམ་ཞུགས་དང་། ཚོགས་འདུའི་སྟེང་དེ་སྔ་ནས་ཉི་ཧོང་དང་བྱང་ཀོ་རེ་ཡ་གཉིས་བར། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འདས་གྲོངས་སུ་གྱུར་པའི་ཉི་ཧོང་དམག་མིའི་ཕུང་པོ་བྱང་ཀོ་རེ་ཡའི་ནང་དུར་སྦས་བྱས་ཡོད་པ་རྣམས་ཕྱིར་ཉི་ཧོང་དུ་འཁྱེར་ཆོག་མིན་ཐད་རྩོད་རྙོག་ཅིག་བྱུང་དང་འབྱུང་བཞིན་ཡོད་པའི་ཐད། རྒྱ་གྲམ་དམར་པོས་ཇི་ལྟར་སྲིད་གཞུང་གཉིས་བར་འདུམ་འགྲིག་གིས་གནད་དོན་དེ་ཐག་གཅོད་ཡོང་ཐབས་བྱ་དགོས་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག
ཚོགས་འདུ་གྲོལ་རྗེས་ཉི་ཧོང་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ལྷན་ཁང་གི་ཚོགས་གཙོ་ཨོ་སཱ་མུ་(Osamu Tasaka) དང་། བྱང་ཀོ་རེ་ཡའི་རྒྱ་གྲམ་དམར་པོའི་ལྷན་ཁང་གི་དྲུང་ཆེ་རེ་ཧོ་(Ri Ho Rim) གཉིས་ཐུག་འཕྲད་ཐོག དེ་རིང་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱོགས་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་སྲིད་གཞུང་གཉིས་བར་འདུམ་འགྲིག་གིས། བྱང་ཀོ་རེ་ཡའི་ནང་དུར་སྦས་བྱས་ཡོད་པའི་ཉི་ཧོང་དམག་མིའི་ཕུང་པོ་ཕྱིར་རང་ཁྱིམ་དུ་འཁྱེར་འཇུག་རྒྱུའི་ཐད་བར་འདུམ་བྱ་འཆར་ཡོད་སྐོར་བརྗོད་འདུག
ཉི་ཧོང་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཨོ་སཱ་མུ་ཡིས་ཁོས་གང་མགྱོགས་ཉི་ཧོང་གཞུང་དང་འབྲེལ་བ་བྱས་ཏེ། གནད་དོན་དེ་ཐག་གཅོད་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། དེ་བཞིན་བྱང་ཀོ་རེ་ཡའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རེ་ཧོ་ཡིས་ཀྱང་སྲིད་གཞུང་གཉིས་བར་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་ཡོང་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། བནྡེ་སྐྱབས།