མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་སྟོན་ན་ཆུང་ཚགས་པར་དང་ན་ཆུང་རྩོམ་པ་པོ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་བདུན་པ་ནས་བཟུང་མེས་དབོན་དཔེ་སྟོན་སློབ་གྲྭས་ཟླ་རེའི༼དཔེ་སྟོན་ན་ཆུང་ཚགས་པར༽ཞེས་པའི་སློབ་མའི་རྩོམ་ཡིག་ཚགས་པར་ཞིག་བཏོན་ཏེ་འགྲེམས་སྤེལ་བྱས་ཡོད། བཙན་བྱོལ་སྤྱི་ཚོགས་ནང་བོད་རང་གི་སྐད་ཡིག་རིག་གནས་ལ་ཤ་ཚ་དང་རྩོམ་རིག་ལ་དུང་ཞེན་ཡོད་མཁན། ལྷག་པར་དུ་ནམ་རྒྱུན་སློབ་གསོའི་ལས་དོན་ཐད་དོ་སྣང་དང་། བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཐུགས་ཁུར་གནང་མཁན་མང་པོ་ཞིག་གིས་ཚགས་པར་དེར་གདེང་འཇོག་དང་བསྟོད་བསྔགས་ཆེན་པོ་གནང་གི་ཡོད་ལ། དེ་དང་འབྲེལ་ནས་རྩོམ་ཡིག་དེ་དག་སློབ་མ་རང་ཉིད་ཀྱིས་བྲིས་པ་ཡིན་མིན་གྱི་སྐོར་ལའང་དྲ་ལམ་ཁག་ཏུ་གླེང་སློང་འབྱུང་བཞིན་ཡོད། 

            འདི་གའི་གསར་འགོད་པ་ཆེད་དུ་མེས་དབོན་དཔེ་སྟོན་སློབ་གྲྭར་སོང་སྟེ།  སློབ་ཕྲུག་ཚོས་ནམ་རྒྱུན་རྩོམ་ཡིག་འབྲི་སྦྱོང་བྱེད་སྟངས་དང་། དཔེ་སྟོན་ན་ཆུང་ཚགས་པར་འགྲེམས་སྤེལ་གྱི་དམིགས་ཡུལ་སྐོར་ལ་རྒྱུས་ལོན་བྱས། སྤྱིར་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་སློབ་མ་མང་ཆེ་བར་བོད་ཡིག་དེ་ཙམ་ཡག་པོ་མེད་པའི་ལྟ་ཚུལ་ཞིག་སྤྱི་ཚོགས་ནང་ཡོངས་ཁྱབ་ཡིན་ཡང་། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚང་མ་བཙན་བྱོལ་ལུང་པ་ནས་སྐྱེས་པ་ཤ་སྟག་ཡིན་པ་མ་ཟད། འཛིན་རིམ་ ༦ ནས་ ༩ བར་གྱི་སློབ་ཕྲུག་ཕལ་ཆེ་བ་ནི་གཞིས་ཆགས་ཁག་ནས་བསླེབས་པའི་ཕྲུ་གུ་ཤ་སྟག་རེད། དཔེ་སྟོན་ན་ཆུང་ཚགས་པར་དེ་ད་ལོའི་ཕྱི་ཟླ་ ༧ པ་ནས་འདོན་མགོ་བརྩམས་ཏེ་ད་བར་འདོན་ཐེངས་གསུམ་ཙམ་འགྲེམས་སྤེལ་བྱས་ཡོད་པ་དང་།  ཚགས་པར་སྟེང་གཙོ་བོ་རྩོམ་ཡིག་དང་བསྒྱུར་རྩོམ། རི་མོར་དགའ་མཁན་ཚོར་ཆེད་དུ་རི་མོའི་ས་མིག་གཅིག་བཅས་འདུག

སློབ་ཕྲུག་རེར་རྩོམ་འབྲི་སྦྱོང་གི་སྒྲུང་སྙན་མོ་རེ་འདུག

གསར་འགོད་པས་འཛིན་གྲྭ་ ༦ ནས་ ༩ བར་གྱི་སློབ་ཕྲུག་བཅུ་གྲངས་ཤིག་ལ་བསམ་ཚུལ་དྲིས་སྐབས།  སློབ་ཕྲུག་ཚང་མས་འཛེམ་དོགས་མེད་པར། སོ་སོས་རྩོམ་ཡིག་ག་རེ་བྲིས་ཡོད་མེད་དང་། རྩོམ་འབྲི་སྐབས་བསམ་བློ་ཇི་ལྟར་བཏང་མིན། དཀའ་ཁག་ག་རེ་འཕྲད་མིན་སོགས་ཀྱི་སྒྲུང་སྙན་མོ་རེ་བཤད་རྒྱུ་ཡོད་པ་མ་ཟད།  སོ་སོའི་སེམས་ནང་གི་མྱོང་ཚོར་རྣམས་བརྗོད་འདོད་ཀྱི་གྲུང་རིག་རིག་གི་རྣམ་འགྱུར་དེ་དག་གིས་ཁོ་ཚོས་རང་ཉིད་ཀྱི་རྩོམ་ཡིག་ལ་རྩིས་འདང་ཆེན་པོ་ཞིག་བཟུང་ཡོད་པའང་མཚོན་ཐུབ་ཀྱི་འདུག ཁོ་ཚོ་ཚང་མར་གཅིག་མཐུན་གྱི་རེ་སྙེག་ཅིག་ཡོད་པ་ནི། དཔེ་སྟོན་ན་ཆུང་ཚགས་པར་བརྒྱུད་དེ་སོ་སོའི་བྲིས་པའི་རྩོམ་ཡིག་རྣམས་མི་མང་པོ་ཞིག་གིས་ཀློག་ཐུབ་ན་བསམ་པ་དེ་རེད།  

འཛིན་རིམ་དགུ་བའི་སློབ་ཕྲུག་ཕུར་བུ་སྒྲོལ་མ་ལགས་ཀྱིས། དཔེ་སྟོན་ན་ཆུང་ཚགས་པར་འདོན་ཐེངས་དང་པོའི་སྟེང་དུ་ ༼ངའི་ཕ་ཡུལ་གངས་ཅན་ལྗོངས༽དང་། འདོན་ཐེངས་གཉིས་པའི་སྟེང་སྒྱུར་རྩོམ་ཞིག་སྤེལ་ཡོད་པ་མ་ཟད། འདོན་ཐེངས་གསུམ་པའི་སྟེང་དུའང་རྩོམ་ཡིག་ཅིག་སྐུར་ཡོད་ཟེར། ཁོ་མོས་བརྗོད་ན། རྩོམ་ཡིག་གི་བརྗོད་བྱ་དགེ་རྒན་གྱིས་སྤྲད་པ་དང་སོ་སོའི་བདམས་པ་གཉིས་བསྡུར་ན།  དགེ་རྒན་གྱིས་སྤྲད་པའི་བརྗོད་བྱ་དེར་དང་ཐོག་སོ་སོར་འཆར་སྣང་གང་ཡང་མེད་པར། གཞི་ནས་འཆར་སྣང་ཞིག་གཏོང་དགོས་དུས་ཅུང་ཁག་པོ་ཡོད་པ་དང་།  སོ་སོས་བདམས་པའི་བརྗོད་བྱ་དེར་སྔོན་ནས་བསམ་བློ་བཏང་སྟེ། སོ་སོས་འཆར་སྣང་ཞིག་བཟོས་ཡོད་སྟབས་འབྲི་དུས་ལས་སླ་བོ་ཡོད་པར་བཤད།

ཁོ་མོར་སྒྱུར་རྩོམ་དེ་བསྒྱུར་རྒྱུའི་བསམ་བློ་ཇི་ལྟར་འཁོར་ཚུལ་དྲིས་པར།  “ཉིན་ཞིག་ངས་དབྱིན་ཡིག་གི་སྒྲུང་ཞིག་བཀླགས་པ་ཡིན། སྒྲུང་དེ་སྙན་པོ་ཞིག་ཏུ་མཐོང་སོང་། རྗེས་ལ་དགེ་རྒན་གྱིས་ང་ལ་སྒྲུང་དེ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ཡག་པོ་འདུག་གསུངས་པར་བརྟེན།  ངས་བོད་ཡིག་ཐོག་བསྒྱུར་བ་ཡིན། དབྱིན་ཡིག་ཐོག་ཡོད་པའི་ཚན་པ་རེ་བཀླགས་རྗེས་དེའི་ནང་དོན་ཧྲིལ་བོ་བོད་ཡིག་ཐོག་སྒྱུར་ན་ཅུང་ཙམ་སླ་བོ་འདུག ཚིག་རྐང་རེ་རེ་བཞིན་བསྒྱུར་ན་དཀའ་ལས་ཁག་པོ་འདུག ” ཅེས་ཧ་ཅང་གཟབ་ནན་གྱིས་ངོ་སྤྲོད་གནང་སོང་། 

འཛིན་གྲྭ་བརྒྱད་པའི་སློབ་ཕྲུག་བུ་མོ་བསྟན་འཛིན་ཚེ་བརྟན་ལགས་ཀྱི་སློབ་ཚན་དགའ་ཤོས་ནི་སྤྱི་ཚོགས་རིག་གནས་དང་ཚན་རིག་གཉིས་རེད། ཁོ་མོ་སློབ་ཚན་དེར་དགའ་བའི་རྒྱུ་མཚན་གཙོ་བོ་ནི། ཚན་རིག་ནང་བརྟག་དཔྱད་བྱས་ཏེ་བསམ་བློ་གཏོང་རྒྱུ་མང་པོ་ཡོད་པ་དང་། སྤྱི་ཚོགས་རིག་གནས་ནང་ལོ་རྒྱུས་སྐོར་གྱི་ཤེས་བྱ་མང་པོ་ཡོད་པས་ཡིན་འདུག

ཁོ་མོས་སོ་སོའི་རྩོམ་ཡིག་ཚགས་པར་སྟེང་ཐོག་མར་བཏོན་དུས་ཀྱི་སེམས་ཚོར་བརྗོད་དོན། “ང་ཚོ་སློབ་གྲྭའི་ཚགས་པར་འདོན་ཐེངས་དང་པོའི་སྟེང་། ༼ང་དང་ངའི་དཔེ་སྟོན་སློབ་གྲྭ༽ཞེས་པའི་རྩོམ་ཡིག་དེ་ཚུད་ཡོད་སྟབས། ང་རང་སེམས་པ་ཧ་ཅང་དགའ་བོ་བྱུང་། སྤྱིར་བཏང་ང་རང་རྩོམ་ཡིག་འབྲི་རྒྱུར་ཞེ་དྲགས་དགའ་བོ་མེད། ཡིན་ནའང་། རྩོམ་ཡིག་ཀློག་རྒྱུར་དགའ་བོ་ཡོད། ནམ་རྒྱུན་སྒྲུང་དེབ་དང་། མཚམས་རེར་ཚགས་པར་ཀློག་གི་ཡོད། མང་ཆེ་བ་དབྱིན་ཡིག་ཐོག་ཀློག་གི་ཡོད། བོད་ཡིག་ཐོག་ཟུར་ཞིག་ཞེས་པའི་སྒྲུང་དེབ་དེ་བཀླགས་པ་ཡིན། མཚམས་རེར་ཚིག་མགོ་མ་འཚོས་པ་དང་། དག་ཆ་རྣམས་བློ་ལ་མ་ངེས་པའི་དཀའ་ཁག་ཏོག་ཙམ་འཕྲད་ཀྱི་འདུག ”ཟེར།

ཁོ་མོར་མཚོན་ན་རྩོམ་ཡིག་འབྲི་རྒྱུ་དེ་ལས་སླ་བོ་ཞིག་ཏུ་ཚོར་འདུག་ལ། ནམ་རྒྱུན་སྒྲུང་དེབ་སོགས་བཀླགས་དུས་ཚིག་གསར་པ་རྣམས་ཟིན་དེབ་ནང་ཕབ་རྗེས་དགེ་རྒན་ལ་འགྲེལ་བཤད་བསྐྱོན་བཅུག་གི་ཡོད་པ་དང་། སོ་སོའི་ཡིད་དབང་འཕྲོག་པ་དང་སྙན་ཆ་ལྡན་པའི་ཚིག་རྣམས་འབྲི་དེབ་སྟེང་བཤུས་ཏེ། དེ་དག་སྤྱད་ནས་རྩོམ་ཐུང་འབྲི་སྦྱོང་བྱེད་བཞིན་ཡོད་འདུག སོ་སོས་བྲིས་པའི་རྩོམ་ཡིག་རྣམས་སློབ་གྲོགས་གཞན་ལ་བསྟན་ཏེ་བསམ་ཚུལ་འདོན་བཅུག་རྗེས། བསྐྱར་བཅོས་ཡང་ཡང་གཏོང་གི་ཡོད་འདུག  ཁོ་མོས་སློབ་གྲྭའི་ཚགས་པར་དེ་ནི་རང་ཉིད་ཀྱི་རྩོམ་ཡིག་འབྲི་སྦྱོང་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྗེས་ཕྱོགས་སྔར་ལས་ལྷག་པར་རྩོམ་ཡིག་ཡག་པོ་འབྲི་ཐུབ་པར་འབད་བརྩོན་བྱ་རྒྱུའི་འདུན་པ་ཡོད་ཟེར།

འཛིན་གྲྭ་དགུ་པའི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་ནི་ཨ་ཕ་མེད་པའི་དྭ་ཕྲུག་ཅིག་རེད།  ཆུང་དུས་ནས་ཕ་ལགས་གྲོངས་ཡོད་སྟབས་ཨ་མ་གཅིག་པུའི་གཉེར་སྐྱོང་ལ་བརྟེན་ནས་ནར་སོན་པ་དང་། ཁོ་མོས་ཚགས་པར་འདོན་ཐེངས་དང་པོའི་སྟེང་ ༼ང་དྭ་ཕྲུག་ཏུ་གྱུར་པའི་མི་ཚེ༽ཞེས་པ་དང་། འདོན་ཐེངས་གཉིས་པའི་སྟེང་ ༼ཨ་རིའི་སྤུན་ཉེ༽ཞེས་པའི་སོ་སོའི་དཀའ་སྡུག་གི་མི་ཚེ་འཚོ་བ་དངོས་དང་འབྲེལ་བའི་རྩོམ་ཡིག་གཉིས་སྤེལ་འདུག

ཁོ་མོས་སོ་སོའི་རྩོམ་ཡིག་གི་ནང་དོན་ངོ་སྤྲོད་གནང་དོན། “ང་ཆུང་དུས་ནས་ཕ་ལགས་གྲོངས་པ་རེད། ད་ལྟའི་བར་ང་རང་གསོ་སྐྱོང་གནང་སྟེ་ནར་སོན་དུ་འཇུག་མཁན་ཨ་མ་ལགས་ཡིན།  དེར་བརྟེན། རྩོམ་ཡིག་དང་པོའི་ནང་ཨ་མའི་བཀའ་དྲིན་དང་། ཕ་ལགས་གྲོངས་པའི་སྐྱོ་སྣང་གི་སྐོར་བྲིས་ཡོད། རྩོམ་ཡིག་གཉིས་པའི་ནང་། ཨ་རིར་ཡོད་པའི་སྤུན་ཉེ་ཚང་མ་ངའི་ཕ་ལགས་ཀྱི་ཕ་མ་གཅིག་པ་དེ་འདྲ་རེད། ཡིན་ནའང་། ངའི་ཕ་ལགས་གྲོངས་རྗེས་ཁོ་ཚོས་ང་ཚོར་ལྟ་སྐྱོང་རོགས་རམ་མི་བྱེད་པ་མ་ཟད། ངའི་ཨ་མ་ལགས་ལ་བརྙས་བཅོས་བཏང་ཡོད་པ་རེད། ཁོ་ཚོར་དངུལ་ཡོད་པའི་རྗེས་ལ་སོ་སོའི་ཤ་ཁྲག་གཅིག་པའི་གཉེན་ཉེ་ལའང་ཡ་བྱེད་ཀྱི་མེད་པའི་སྐོར་དང་། ང་རང་ཆེན་པོ་ཆགས་རྗེས་ཨ་མ་ལགས་ལ་དྲིན་ལན་གཞལ་རྒྱུ་ཡིན་པ་སོགས་བྲིས་ཡོད།” ཟེར། 

ཁོ་མོས་སོ་སོའི་རྩོམ་ཡིག་འབྲི་སྦྱོང་གི་བརྒྱུད་རིམ་བརྗོད་པ་ལྟར་ན། མོ་རང་ཆུང་ཆུང་སྐབས་བསམ་བློ་གཅིག་ཀྱང་མ་བཏང་པར་ཤར་རྒྱག་འབྲི་བཞིན་ཡོད་སྟབས། མཚམས་རེར་སྙིང་དོན་གང་ཞིག་འབྲི་དགོས་མིན་བསམ་བློ་མ་འཁོར་བ་དང་། ཚིག་གསར་སྙན་པོའི་རིགས་མ་རྙེད་པ་བཅས་ལ་བརྟེན་ནས། ཡིག་ཕྲེང་གཉིས་གསུམ་ཙམ་བྲིས་རྗེས་འབྲི་རྒྱུ་མ་རག་པའི་དཀའ་ངལ་འཕྲད་མྱོང་ཡོད་འདུག ཁོ་མོས་བརྗོད་རྒྱུར། “རྩོམ་མ་བྲིས་གོང་ལ་དོན་གྱི་སྙིང་པོ་འདི་དང་འདི་འབྲི་རྒྱུ་ཡིན། ཚིག་གསར་འདི་དག་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་སོ་སོས་བསམ་བློ་ཡག་པོ་བཏང་རྗེས། གཞི་ནས་རྩོམ་ཡིག་བྲིས་ན་རྩོམ་ཡག་པོ་ཡོང་གི་འདུག དགེ་རྒན་གྱི་ལམ་སྟོན་དང་སྒྲུང་དེབ་སོགས་བཀླགས་པར་བརྟེན་ནས། དེང་སྐབས་རྩོམ་འབྲི་རྒྱུའི་འདོད་པ་ཤུགས་ཆེན་པོ་སླེབ་ཀྱི་འདུག  ང་རང་གིས་བཀླགས་མྱོང་བའི་སྒྲུང་དེབ་ལས།  རི་རྩེ་སྤྲིན་དཀར་ཞེས་པའི་དེབ་ནང་གི་སློབ་ཕྲུག་གི་འདུ་ཤེས་ཞེས་པ་དེ་སྙན་ཤོས་སུ་མཐོང་སོང་། ” ཞེས་བརྗོད་སོང་། དེ་སྔོན་གངས་སྐྱིད་དུ་འོད་དཀར་དྲ་ཚིགས་ཀྱིས་གོ་སྒྲིག་གནང་བའི་་སྙན་ངག་འགྲན་བསྡུར་སྐབས། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བུ་མོ་གཉིས་ལ་ཨང་དང་པོ་ཐོབ་པའི་གྲས་ཀྱི་གཅིག་ཁོ་མོ་རེད་འདུག

བྱིས་རྩོམ་དེབ་ཅིག་བཟོ་འཆར་ཡོད།

སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་སུ་༼དཔེ་སྟོན་ན་ཆུང་ཚགས་པར་༽སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་ “སློབ་མ་ཚོའི་འབྲི་དེབ་རྙིང་པ་དེ་ཚོར་བལྟས་ཡོང་དུས། རྩོམ་ཧ་ཅང་ཡག་པོ་དེ་འདྲ་མང་པོ་འདུག ཡིན་ནའང་། རྩོམ་དེ་དག་ཕྱི་ལོག་ལ་འགྲེམས་སྤེལ་གང་ཡང་བྱས་མེད་སྟབས།  རྩོམ་ཡིག་གི་ཚགས་ཤོག་ཅིག་འདོན་ཐུབ་པ་ཡིན་ན། དཔེ་སྟོན་གྱི་རྣམ་པ་སྤྱི་ཚོགས་ནང་ལ་ཁྱབ་ཐུབ་པ་དང་། བྱིས་པ་ཚོའི་རྩོམ་འབྲི་བའི་ནུས་པ་ཡང་རང་བཞིན་གྱིས་གོང་མཐོར་གཏོང་ཐུབ་པ་མ་ཟད། རྩོམ་ཡིག་འབྲི་བ་བརྒྱུད་དེ་གསར་གཏོད་ཀྱི་རྣམ་པ་བསླེབ་ཐུབ་པ་དང་། བསམ་བློའི་ནུས་ཚད་མཐོ་རུ་འགྲོ་བ་བཅས་ལ་དམིགས་ཏེ་ཚགས་ཤོག་འདི་བཏོན་པ་ཡིན།” ཅེས་བརྗོད་དེ།  བྱིས་པ་སོ་སོའི་འབྲི་དེབ་སྟེང་ཡོད་པའི་རྩོམ་ཡིག་རྣམས་བོར་བརླག་འགྲོ་ཉེན་ཡོད་སྟབས།  མ་འོངས་པར་རྩོམ་ཡིག་ཆ་ཚང་དག་སྒྲིག་བྱས་ཏེ་དེབ་ཅིག་བཟོ་འཆར་ཡོད་སྐོར་བརྗོད་བྱུང་།    

དཔེ་སྟོན་སློབ་གྲྭར་སློབ་མར་ཤེས་ཡོན་སྤྲོད་ཕྱོགས་ཐད་དམིགས་ཡུལ་བཞི་ཡོད་པ་ནི།  རང་དབང་དང་གསར་གཏོད། རྒྱུན་འཛིན། གཞན་ཕན་བཅས་ཡིན་འདུག ཉེ་སྔོན་དགེ་རྒན་དང་སློབ་ཕྲུག་མཉམ་དུ་གོ་བསྡུར་གནང་མཐར། ཕྱི་ཟླ་ ༩ ནས་བཟུང་བོད་ཡིག་གཅིག་པུ་མིན་པར་དབྱིན་ཡིག་གི་ཚགས་པར་ཞིག་ཀྱང་འདོན་འཆར་ཡོད་པ་དང་། སློབ་མའི་ནུས་པ་སྐྱེད་སྲིང་ཡོང་ཆེད།  རྩོམ་ཡིག་གློག་ཀླད་དུ་འཇུག་པ་སོགས་ལས་ཀ་ཆ་ཚང་སློབ་མ་ཚོ་རང་ངོས་ནས་བསྒྲུབ་འཇུག་གི་ཡོད་འདུག སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ “ འགྲན་བསྡུར་དང་ཚགས་པར་གྱི་ཆེད་དུ་རྩོམ་ཡིག་འབྲི་བ་མ་ཡིན་པར། སློབ་མར་རྩོམ་འབྲིའི་འདུ་ཤེས་དང་དགའ་སྣང་སྐྱེད་སྲིང་གི་ཆེད་དུ་ཡིན།   དེར་བརྟེན། ངས་ནམ་རྒྱུན་དགེ་རྒན་ཚོར་བྱིས་པའི་རྩོམ་འབྲིའི་དགའ་སྣང་དྲག་པོ་དེ་ཉམས་ཆག་ལ་གཏོང་མི་རུང་བའི་སྐུལ་མ་གཏོང་གི་ཡོད། ”ཅེས་བརྗོད།

རྩོམ་འབྲིའི་དགའ་སྣང་སྐྱེད་སྲིང་།

དཔེ་སྟོན་སློབ་གྲྭར་བསླབ་གཞི་རྩ་འཛིན་དེབ་མ་གཏོགས། འཛིན་རིམ་རེ་རེར་དམིགས་བསལ་གྱི་གཏན་འཁེལ་སློབ་དེབ་ཅིག་མེད་པར། དགེ་རྒན་སོ་སོའི་ངོས་ནས་རྩོམ་ཡིག་དང་སློབ་ཚན་བདམས་སྒྲིག་ཐོག  སློབ་ཕྲུག་ཚོར་སློབ་ཚན་དཔེ་ཁྲིད་དང་རྩོམ་ཡིག་འབྲི་སྦྱོང་བྱེད་བཞིན་འདུག

ཚགས་པར་གྱི་ལག་བསྟར་རྩོམ་སྒྲིག་པ་བོད་དགེ་རྡོ་སྦིས་ཟླ་བ་ཚེ་རིང་ལགས་སུ།  ཚགས་པར་སྟེང་སློབ་མའི་རྩོམ་ཡིག་འདེམས་སྒྲུག་བྱེད་སྟངས་དང་། ཚགས་པར་གྱིས་སློབ་ཕྲུག་ཚོའི་རྩོམ་འབྲིའི་ཐད་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་དྲིས་སྐབས།  ཁོང་གིས་ “རྩོམ་ཡིག་མང་ཆེ་བ་སློབ་མ་ཚོའི་འབྲི་དེབ་སྟེང་ནས་ཚུར་བདམས་པ་ཡིན། ཚགས་པར་འདོན་ཐེངས་དང་པོ་འདོན་སྐབས།  བྱིས་པ་ཚོའི་རྩོམ་ཡིག་མང་པོའི་ནང་ནས་ཡག་ཤོས་གྲས་བདམས་ཏེ་འགྲེམས་སྤེལ་བྱས་པ་རེད། ཚགས་པར་སྟེང་བྱིས་པ་ཁ་ཤས་ཀྱི་རྩོམ་ཡིག་ཚུད་ཐུབ་མེད་སྟབས། རྩོམ་ཡིག་ཚུད་ཡོད་མཁན་དང་མེད་མཁན་བྱིས་པ་སོ་སོར་རྣམ་འགྱུར་སྟོན་སྟངས་ལོགས་ག་རེ་འདུག  རྩོམ་ཡིག་ཚུད་མེད་པའི་བྱིས་པ་ཚོའི་ཁྲོད་ངུ་མཁན་ཡང་ཁ་ཤས་འདུག དེར་བརྟེན། བྱིས་པ་ཚོས་བསམ་པར་རྩོམ་ཡིག་སྤྲད་ཀྱང་ཚགས་པར་སྟེང་ཚུད་རྒྱུ་མ་རེད་བསམ་པའི་ཡི་ཆད་མི་འབྱུང་ཆེད། འདོན་ཐེངས་གཉིས་པའི་སྟེང་རྩོམ་ཡིག་གི་བཟང་ངན་ཁོ་ནར་མ་བལྟས་པར།  གཙོ་བོ་དང་ཐོག་ཚུད་མེད་པའི་བྱིས་པ་གཞན་པ་ཚོའི་རྩོམ་ཡིག་བཀོད་ཡོད།” ཅེས་བརྗོད་བྱུང་།  

ནམ་རྒྱུན་སློབ་ཕྲུག་ཚོར་རྩོམ་ཡིག་འབྲི་སྦྱོང་ཇི་ལྟར་བྱེད་འཇུག་གི་ཡོད་མེད་ཐད།  བོད་དགེ་ཟླ་བ་ཚེ་རིང་ལགས་ཀྱིས་བརྗོད་ན།  བདུན་ཕྲག་རེའི་ནང་སློབ་ཕྲུག་ཚོར་ཉུང་མཐའ་ཡང་རྩོམ་ཡིག་གཅིག་གཉིས་རེ་འབྲི་འཇུག་གི་ཡོད་པ་དང་།  དེའང་དགེ་རྒན་གྱིས་རྩོམ་བྱང་གཉིས་ཙམ་སྤྲད་རྗེས་སློབ་མར་འདེམས་འཇུག་པ་དང་།  སློབ་མ་རང་ངོས་ནས་རྩོམ་བྱང་དང་བརྗོད་གཞི་འཚོལ་ཐུབ་པ་ཡིན་ན། སོ་སོར་རང་མོས་ལྟར་འབྲི་འཇུག་གི་ཡོད་འདུག  དེ་བཞིན།  ཁོང་གིས་ང་ཚོའི་ངོས་ནས་ཚགས་པར་གྱི་རྩོམ་ཡིག་གི་རིན་ཐང་དང་།  སྤྱི་ཚོགས་ཐོག་རྩོམ་ཡིག་ལེགས་ཉེས་ཀྱི་གདེང་འཇོག་ཡོང་མིན་གལ་ཆེར་འཛིན་གྱི་མེད་པར།  བྱིས་པ་མང་པོ་ཞིག་གིས་རྩོམ་འབྲི་ཐུབ་པ་དང་། རྩོམ་འབྲིའི་དགའ་སྣང་སྐྱེད་སྲིང་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ཡོད་ཟེར།

དཔེ་སྟོན་སློབ་གྲྭར་རེ་བ་ཆེན་པོ་ཞིག་བཟུང་འདུག

སྤྱི་ཚོགས་ཐོག་དཔེ་སྟོན་ན་ཆུང་ཚགས་པར་ལ་གདེང་འཇོག་དང་དོ་སྣང་གང་འདྲ་ཡོད་མེད་རྒྱུས་ལོན་ཆེད།  དུས་རྒྱུན་བོད་རང་གི་སྐད་ཡིག་རིག་གནས་ལ་དོ་སྣང་དང་། ལྷག་པར་རྩོམ་འབྲིའི་ལས་ལ་མྱོང་གོམས་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་སུ།  དཔེ་སྟོན་ན་ཆུང་ཚགས་པར་གྱི་སྐོར་ལ་བསམ་ཚུལ་དྲིས་པར།  ཁོང་གིས་ “དཔེ་སྟོན་སློབ་གྲྭའི་ཚགས་པར་སྟེང་གི་རྩོམ་ཡིག་ཁ་ཤས་བཀླགས་མྱོང་ཡོད། ངའི་ཚོར་སྣང་ལ་དཔེ་སྟོན་སློབ་གྲྭའི་བྱིས་པ་ཚོས་བྲིས་པའི་རྩོམ་ཡིག་འདི་འདྲ། ཧ་ལམ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཚོས་ཀྱང་འབྲི་ཐུབ་རྒྱུ་ཁག་པོ་རེད་དྲན་སོང་། ཚིག་སྦྱོར་སྤེལ་སྟངས་དང་ནང་དོན་གང་ཅིའི་ཐད་ནས་ཡག་པོ་འདུག  དེ་བཞིན། ལོ་སྔོན་མའི་སྙན་ངག་གྱེར་འདོན་འགྲན་བསྡུར་སྐབས། དྷ་སའི་ཉེ་ཁུལ་གྱི་སྔོན་འགྲོའི་འགྲན་སྡུར་ཁྲོད་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་འཛུལ་ཞུགས་བྱས་ཏེ། ཨང་དང་པོ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་བུ་མོ་གཉིས་ཀྱིས་བླངས་སོང་། དེ་དུས་ང་རང་དཔྱད་འདེམས་པ་ཡིན་པའི་ཁུལ་རེད། ཉིན་དེར་སློབ་ཕྲུག་བུ་མོ་གཉིས་ཀྱིས་གྱེར་འདོན་སྐབས། རྣམ་འགྱུར་སྟོན་སྟངས་དང་ཚིག་ཁ་ནང་ལ་ལེན་སྟངས་སོགས་ཕྱོགས་གང་ཐད་ནས་ཧ་ལས་པའི་ཡག་པོ་འདུག སློབ་ཕྲུག་རང་ངོས་ནས་རྩོམ་ཡིག་འབྲི་སྦྱོང་གི་ལམ་ལ་ཞུགས་བཞིན་པའི་ཚོར་བ་འགོག་མེད་དུ་སྤྲོད་ཀྱི་འདུག” ཅེས་བརྗོད་སོང་།

དེ་བཞིན།  རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བཙན་བྱོལ་སློབ་གྲྭ་ཁག་ནང་བོད་ཡིག་ལ་གཙིགས་འཛིན་དེ་ཙམ་གནང་གི་མེད་པའི་སྐོར་ལ། “སྤྱིར་བཏང་བཙན་བྱོལ་སློབ་གྲྭ་ཚང་མའི་ནང་བོད་ཡིག་ཡོད་པ་རེད་དེ། བོད་ཡིག་ནི་ཟུར་ཁྲིད་ལྟ་བུ་ཞིག་ཆགས་བསྡད་པའི་བཟོ་ཡོད་པ་རེད། མ་གཞི་དཔེ་སྟོན་སློབ་གྲྭར་མཚོན་ན་སོ་སོའི་སྐད་ཡིག་དང་རིག་གཞུང་གཞི་རྩར་བཟུང་བའི་ཐོག་ནས།  གཞན་ལ་དཔེ་སྟོན་ས་ཞིག་ཡིན་པའི་ཆ་ནས་མིང་ཡང་དཔེ་སྟོན་དུ་བཏགས་ཡོད་པ་རེད། སློབ་གྲྭའི་ནང་གི་དགེ་རྒན་དང་སློབ་མ་གང་ཡིན་ཡང་། ད་ལྟའི་གཞི་རྐང་འདི་བཟུང་ནས་མུ་མཐུད་མཇུག་སྐྱོང་གནང་སྟེ།  བོད་རང་གི་སློབ་མ་ངོ་མ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་ཡིན་ན། མ་འོངས་པར་དངོས་གནས་ཡག་པོ་ཡོང་ས་རེད།” ཅེས་བརྗོད་དེ།  དཔེ་སྟོན་སློབ་གྲྭའི་བོད་ཡིག་གི་གནས་ཚད་ལ་གདེང་འཇོག་དང་རེ་བ་ཆེན་པོ་བཟུང་ཡོད་པའི་རྣམ་པ་བསྟན་སོང་། 

དཔེ་སྟོན་སློབ་གྲྭ་ནི་ ༢༠༠༥ ལོར་གསར་རྒྱག་གིས་དབུ་བརྙེས་ཤིང་། རྗེས་སུ་གངས་སྐྱིད་ཉིན་མོའི་སློབ་གྲྭའང་དཔེ་སྟོན་སློབ་གྲྭའི་ཁོངས་སུ་བཅུག་སྟེ། ད་ལྟ་སྟེང་འོག་སློབ་གྲྭ་གཉིས་སུ་ཁྱོན་བསྡོམས་སློབ་ཕྲུག་ ༣༠༠ ལྷག་ཡོད་པ་དང་། ཕྱི་དྲོའི་སློབ་གསེང་སྐབས་སློབ་ཕྲུག་རྣམས་ལ་སོ་སོའི་དགའ་མོས་ལྟར།  གཞས་དང་སྒྲ་སྙན། རྩེད་མོ་སོགས་རྩེད་འཇུག་གི་ཡོད་ཀྱང་།  སློབ་གྲྭའི་གཞི་ཁྱོན་ཧ་ཅང་ཆུང་སྟབས། རྩེད་ཐང་དང་ལྡུམ་ར་སོགས་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༦༦ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༥ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 9

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མེས་དཔོན་མ་རེད། མེས་དབོན་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ཤོདཚུལ་ལྟར། མེས་པོ་སྲོང་དཙན་དང་དབོན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་སོགས་ལ་གོ་དགོས་པས་སོ། །

    Reply
  2. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    (མེས་དཔོན)ཟེར་ན་ག་རེ་རེད།

    Reply
  3. མཉམ་ཞུགས says:
    ལོ་ 14 སྔོན།

    སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད།ཕ་ལགས་མེད་པ་ལ་ནམ་ཡང་གཉའ་མི་ཞུམ་པར་སྤོབ་པ་ཆེན་པོས་མདུན་བསྐྱོད་བྱེད་དགོས།ཁྱེད་ཀྱི་བརྩོན་སེམས་དང་ཨ་མ་ལགས་ལ་བཅངས་པའི་བརྩེ་སེམས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སོང་།ང་གཅིག་པུ་མ་ཡིན་པར་ད་ལྟའི་བར་གསར་འགྱུར་འདི་ཀློག་མཁན་གྱི་༤༥༠ཙམ་བྱུང་ཡོད་པ་ཚང་མ་ལ་སེམས་འགུལ་ཐེབས་བཅུགས་ཡོད་པ་ཡིན།མུ་མཐུད་སོ་སོ་ལ་ཡིད་ཆེ་ཡོད་པའི་ཐོག་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་དང་།ཁྱོད་ཆེན་པོ་ཆགས་ཚེ་ཨ་མ་ལགས་ཀྱི་དྲིན་ལན་འཇལ་ཐུབ་པར་མ་ཟད་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་ཕན་ཐོག་ཡོད་པའི་བོད་རིགས་བུ་མོ་ཞིག་ཏུ་འགྱུར་ངེས་ཡིན།དེ་དུས་དེང་སང་ཁྱེད་མ་སྨད་གཉིས་ལ་ཉེས་བཅོས་བྱེད་མཁན་གྱི་གཉེན་ཉེ་ཁྲེལ་མེད་དེ་ཚོ་ལ་ཁྱོན་ནས་ཡ་བྱེད་མི་རུང་།དེ་དུས་ངོ་ཚ་མེད་པའི་མི་དེ་ཚོ་མགོ་བོ་སྒུར་ཏེ་ཁྱེད་ལ་རེ་བ་ཞུ་རུ་མི་ཡོང་བའི་ངེས་པ་མེད་པ་ཡིན།

    Reply
  4. དྲང་སྲོང་། says:
    ལོ་ 14 སྔོན།

    མེས་དབོན་དཔེ་སྟོན་སློབ་གྲྭ་འདི་རྒྱུན་གནས་ཐུབ་བོད་ཀྱི་སྐད་ཡིག་སྲུང་སྐྱོབས་དང་བརྒྱུད་འཛིན་ཐད་དུས་རབས་འདིའི་ལེགས་སྐྱེས་རླབས་པོ་ཆེ་ཞིག་རེད། འདི་འདྲ་བའི་མི་རིགས་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོབས་དང་རང་དབང་སླར་གསོའི་ཆེད་པཎ་ཆེན་རིན་པོ་ཆེས་ཕྱི་ལོ་ ༡༩༩༠ ལོར་ཡོངས་ཁྱབ་གསལ་སྒྲག་ཞིག་སྤེལ་བའི་ནང་། ༡༩༩༢ ལོ་ནས་བོད་ནང་གི་ལས་ཁུངས་ཆེ་ཆུང་ཚང་མས་གཅིག་བསྒྱུར་ཐོག་བོད་ཡིག་བེད་སྤྱོད་གཏོང་རྒྱུ་ཡིན་པ། དཔེར་ན། སྦྲགས་ཁང་ལྟ་བུར་ཡིག་ལྐོག་ཁ་བྱང་ཐོག་བོད་ཡིག་མེད་ན་གཏོང་མི་ཆོག་པ་དང་། རྒྱ་ཡིག་བེད་སྤྱོད་བཏང་ཡང་ངེས་པར་བོད་ཡིག་མཉམ་སྦྱར་ཡོད་དགོས་པ། དེ་བཞིན་རྒྱའི་སྐད་ཡིག་གཅིག་བུ་མ་གཏོགས་གཞི་རིམ་སློབ་གྲྭ་ཁག་གི་ས་ཁམས་དང་། རྫས་གྱུར། ཨང་རྩིས། ཚབས་རྩིས། དབྱིབས་རྩིས་སོགས་བོད་ཡིག་སློབ་གཞིའི་སྟེང་སློབ་ཁྲིད་བྱ་རྒྱུ་ཡིན་པ་སོགས་ཡིད་ངོར་རེ་བའི་འབྲས་བུ་སྨིན་སོང་མཉམ་པའི་དུས་ཞིག་བྱུང་བ་རེད། དེ་དུས་ཁོ་བོ་སློབ་འབྲིང་དུ་སློབ་སྦྱོང་བྱ་མུས་ཡིན། དེ་ཚེ་རྒྱ་རིགས་མང་པོ་ཞིག་རང་བཞིན་ངང་རྒྱ་ནག་ཏུ་ཕྱིར་ལོག་བྱས་འདུག དེ་དག་དངོས་ཡོད་རེད། ང་ཚོའི་རྒྱ་ཡིག་དགེ་རྒན་ཝང་ཞེས་པའང་དེ་ཚེ་སེམས་ཁམས་མ་སྐྱིད་པ་ལྟ་བུས་ངོས་ལ། ད་མགྱོགས་པོ་རྒྱ་ནག་ཏུ་ལས་ཀ་འཚོལ་དུ་འགྲོ་དགོས་ཐུག་ས་རེད། ངས་བོད་ཡིག་སྦྱངས་མི་ཐུབ་ལ་བཀོལ་ཡང་མི་ཐུབ། ཞེས་དངོས་སུ་བཤད་མྱོང་། རང་གི་སྐད་ཡིག་བེད་སྤྱོད་དང་སྲུང་སྐྱོབས་ཐུབ་ན། རང་བཙན་ངོ་མ་དེ་དེ་རེད་འདུག བཀུར་འོས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་༸རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེའི་དགོངས་པ་ངོ་མ་དེ་འགྲུབ་ཆེད་སློབ་གྲྭ་སྲོལ་གཏོད་སྣང་བ་རེད། དེ་དུས་ནས་སློབ་གྲྭ་འདི་གང་མྱུར་འཚར་ལོངས་བྱུང་ན་ང་ཚོའི་མི་རབས་གསར་པར་རེ་བ་ཞིག་ཡོད་སྙམ་པའི་ཚོར་བ་སྐྱེས་མྱོང་། ད་ལམ་གྲུབ་འབྲས་གང་འཚམས་འཐོན་ཡོང་བ་ནི་སློབ་དགེ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པས། ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མུ་མཐུད་འབད་རྩོན་གནང་རོགས་ཞུ་རྒྱུ་ཡིན། དགེའོ།།།།།།།།།།།།།།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ངོ་མ་འཛིན་གྲྭ་དགུ་པའི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་ཀྱི་སྐད་ཆ་དེས་ངའི་སེམས་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་སྣང་ཞིག་སྤྲད་སོང་། ངོ་མ་བུ་མོ་རང་ཉིད་ཀྱི་སེམས་ཚོར་ལས་བྱུང་པའི་རྩོམ་ཡིག་དེ་དག་ངས་བཀླགས་མྱོང་རེད་རུང་། སྙན་པོ་ཞིག་བྲིས་ཡོད་པར་ཁོ་ཐག་རེད། ངོ་མ་གོང་གི་དཔེ་སྟོན་སློབ་གྲྭ་བཟང་ངན་གྱི་སྐད་ཆ་ཞིག་བཤད་ཡོང་དུས་ འདི་ནི་ཟམ་གདོང་རིན་པོ་ཆེའི་བཀའ་དྲིན་ཟེར་ན་ཆོག་ཕྱག་རྗེས་ཤིག་རེད། རང་རེའི་སྲིད་སྐྱོང་གིས་ཀྱང་ཐབས་ཇུས་གསར་བ་ཞིག་དང་ཕྱི་རྗེས་གསར་བ་རེ་འཇོག་རན་ལ་སླེབས་འདུག

    Reply
  6. གྲ་ཕྱི་བུ། says:
    ལོ་ 14 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས་ཀྱིས་གསར་འགྱུར་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག་མོད། འོན་ཏེ་བྱེད་འབྲེལ་ལོག་པར་སྤྱད་པ་དང་། གང་ཟག་དང་གཉིས་གསུམ་གྱི་སྤྱོད་སྟངས་མ་ཤེས་པ། དུས་བབ་སྟེང་རྒྱུན་དུ་མཐོང་དུ་ཡོད་པའི་དག་ནོར་སོགས་ཀྱི་སྐྱོན་གནད་ཀྱང་འདུག་ན་ཕྱིས་ནས་ངེས་པར་གཟབ་དགོས་པར་མཐོང་། འདི་ནི་དུས་བབ་ལ་སྐྱོན་བརྗོད་མ་ཡིན་པར་དུང་བ་ཟབ་པས་ཡིན། ཚགས་པར་དང་དུས་དེབ་སྟེང་ནོར་འཕྲུལ་ཤོར་ན་ཧ་ཅང་ཚབས་ཆེན་དུ་འགྱུར་ཏེ། བོད་ཡིག་ལ་དོ་སྣང་ཅན་ཚོས་འདི་དག་ལ་དཔེ་ལྟ་བས་ཡིན་པས། དག་དོན་ཚུལ་བཞིན་ཤེས་པ་རྣམས་ལ་སྐྱོན་མེད་མོད། ལས་དང་པོ་བ་རྣམས་ལ་མ་དག་རྒྱུན་འབྱམས་སུ་གཏོང་བའི་གྲོགས་བྱེད་པས་གཟབ་པར་འཚལ།།

    Reply
  7. བྱ་གཞུང་དཔལ་རྡོར། says:
    ལོ་ 14 སྔོན།

    དུས་བབ་གསར་ཁང་གིས་དཔེ་སྟོན་སློབ་གྲྭའི་བོད་ཡིག་གི་ཚགས་པར་དང་འབྲེལ་ནས་གསར་འགྱུར་སྤེལ་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཤེས་ཡོན་སྲིད་བྱུས་གསར་བ་འདི་ལེགས་གྲུབ་ཡོང་བར་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་མཁན་ཚོགས་པ་དང་སྒེར་ཚང་མས་འཕྱར་གྲུ་མཉམ་འདེགས་བྱེད་དགོས་བ་གལ་ཆེན་པོ་ཡིན་ལ། གསར་འགྱུར་རྩོམ་ཡིག་འདིས་སློབ་མ་དང་། ཕ་མ། དགེ་རྒན་སོགས་ལ་སྐུལ་མ་ཐེབས་ངེས། དཔེ་སྟོན་ཚགས་པར་དེར་རེ་བ་ཆེན་པོ་ཡོད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྤྱིར་བཏང་བཙན་བྱོལ་སློབ་གྲྭ་ཚང་མའི་ནང་བོད་ཡིག་ཡོད་པ་རེད་དེ། བོད་ཡིག་ནི་ཟུར་ཁྲིད་ལྟ་བུ་ཞིག་ཆགས་བསྡད་པའི་བཟོ་ཡོད་པ་རེད། མ་གཞི་དཔེ་སྟོན་སློབ་གྲྭར་མཚོན་ན་སོ་སོའི་སྐད་ཡིག་དང་རིག་གཞུང་གཞི་རྩར་བཟུང་བའི་ཐོག་ནས། གཞན་ལ་དཔེ་སྟོན་ས་ཞིག་ཡིན་པའི་ཆ་ནས་མིང་ཡང་དཔེ་སྟོན་དུ་བཏགས་ཡོད་པ་རེད། ་་་་ཟེར།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨང་དང་པོ་ཐོབ་པའི་གྲས་ཀྱི་གཅིག་ཁོ་(ཁོ་མོ་མ་རེད། ཁོང་མོ་རེད།)མོ་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese