ཁ་སང་ཕྱི་ཚེས་ ༤ ཉིན་ཡུན་ནན་ཞིང་ཆེན་གྱི་ཞིང་གྲོང་ཞིག་ཏུ་རི་ཉིལ་ས་རུད་བྱུང་སྟེ། སློབ་ཕྲུག་ ༡༨ རྐྱེན་ལམ་ཏུ་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན། ཡུན་ནན་ཞིང་ཆེན་ཡུས་ལཱང་རྫོང་ཀྲིན་ཧི་སྡེ་བའི་ནང་རི་ཉིལ་ས་རུད་བྱུང་སྟེ། ཐཱེན་ཐའོ་སློབ་ཆུང་གི་སློབ་ཁྲིད་ཐོག་ཁང་ས་འོག་ཏུ་གླེབ་འདུག རྒྱ་གཞུང་གིས་བརྗོད་པ་ལྟར་ན། དོན་རྐྱེན་དེའི་ཁྲོད་སློབ་ཕྲུག་ ༡༨ རྐྱེན་འདས་སུ་གྱུར་ཡོད་པ་དང་། དེ་མིན། སློབ་གྲྭའི་ཉེ་འདབས་ཀྱི་གྲོང་པ་ཁྱིམ་ཚང་གཉིས་ཀྱང་ས་རུད་འོག་ཤོར་ཏེ། གྲོང་མི་ ༡ འདས་གྲོངས་དང་ ༡ ལ་རྨས་སྐྱོན་བཟོས་ཡོད་འདུག
ཕྱི་ཟླ་ ༩ ཚེས་ ༧ ཉིན་ས་ཁུལ་དེར་ས་འགུལ་རིམ་པ་ ༥་༧ ཞིག་བརྒྱབ་ཏེ་ཧྲང་པའེ་སློབ་གྲྭའི་ཐོག་ཁང་ལ་སྐྱོན་ཤོར་བར་བརྟེན། ཧྲང་པའེ་སློབ་གྲྭའི་ལོ་རིམ་གསུམ་པའི་སློབ་མ་ ༡༩ དང་། ལོ་རིམ་ལྔ་བའི་སློབ་མ་ ༡༨ ཐེན་ཐའོ་སློབ་ཆུང་དུ་གནས་སྤོར་བྱས་ཡོད་པ་དང་། ཐེངས་འདིའི་རི་ཉིལ་ས་རུད་ཁྲོད་རྐྱེན་འདས་སུ་གྱུར་བའི་སློབ་ཕྲུག་ ༡༨ ཆ་ཚང་ཧྲང་པའེ་སློབ་ཆུང་ནས་གནས་སྤོ་བྱས་པའི་སློབ་ཕྲུག་རྐྱང་ཡིན་འདུག
ཀྲིན་ཧི་སྡེ་བར་རི་ཉིལ་བའི་སའི་བོངས་ཚད་ནི་ས་རྒྱ་དཔང་གྲུ་བཞི་མ་ཁྲི་ ༡ ཟིན་ཡོད་པ་དང་། རི་ཉིལ་བ་ལ་བརྟེན་ནས་ལུང་ཁུག་གི་རྒྱུག་ཆུ་བཀག་སྟེ། གཏིང་ཚད་ལ་རྨིད་ ༧ དང་ཞིང་ཚད་ལ་རྨིད་ ༡༥ ཅན་གྱི་ཆུ་རྫིང་ཆེན་པོ་ཞིག་ཆགས་ཡོད་འདུག