མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུ་བོད་པའི་སྲོལ་རྒྱུན་ཤིང་བརྐོས་གཙང་མ་ཞིག་ལྷག་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་སྲོལ་རྒྱུན་ཤིང་བརྐོས་ལག་རྩལ་པ་རྒྱལ་ཐང་བློ་བཟང་བརྩོན་འགྲུས་ལགས་སུ།  ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་སྲོལ་རྒྱུན་ཤིང་བརྐོས་རིག་གནས་ཀྱི་གནས་སྟངས་དང་།  ཕྱི་རྒྱལ་བའི་བོད་པའི་སྲོལ་རྒྱུན་ལག་ཤེས་ཐད་ལྟ་སྟངས་གང་འདྲ་ཡོད་མེད་ཐོག་བཅར་འདྲི་ཞུས་ཡོད།

    དྲི་བ། ཐོག་མར་ཁྱེད་གིས་བོད་ཀྱི་སྲོལ་རྒྱུན་ཤིང་བརྐོས་ལག་རྩལ་འདི་ཇི་ལྟར་ཆེད་སྦྱོང་གནང་བའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

    ལན། ང་རང་ཆུང་དུས་ལོ་ ༡༥ བར་དུ་རྒྱ་མིའི་སློབ་གྲྭར་སོང་བ་ཡིན།  དེ་ནས་ལོ་གསུམ་ཙམ་རིང་ཕ་ལགས་མཉམ་དུ་ཤིང་བཟོའི་ལས་ཀ་བྱས་པ་དང་། ལོ་ ༡༨ ནས་བཟུང་ཕ་ཡུལ་རྒྱལ་ཐང་ན་ཤིང་བཟོ་སྐད་གྲགས་ཅན་ཞིག་ཡོད་པ་དེའི་གམ་ནས་ལོ་ ༡༠ ལྷག་གི་རིང་བོད་པའི་སྲོལ་རྒྱུན་ཤིང་བརྐོས་ལག་ཤེས་སློབ་སྦྱོང་དང་མཉམ་དུ་ལས་ཀ་བྱས་ཏེ། སོ་སོའི་ལུང་པའི་ཤིང་བརྐོས་ལག་རྩལ་ཡོངས་རྫོགས་ལ་སྦྱངས་པ་ཡིན། ༡༩༩༥ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་རྗེས་དགེ་ཆོས་འཛིན་ལགས་ཀྱི་ཤིང་བརྐོས་རི་མོ་དག་མཐོང་སྟེ་སྦྱོང་འདུན་ཤུགས་ཆེན་པོ་བྱུང་སྟེ། དཔེ་མཛོད་ཁང་དུ་ཁོང་གི་མདུན་ནས་ལོ་གསུམ་རིང་བསྐྱར་དུ་ཤིང་བརྐོས་ལག་རྩལ་སྦྱངས་པ་ཡིན།  ཁྱོན་བོད་ནང་དུ་ལོ་ ༡༣ དང་རྒྱ་གར་ནང་ལོ་ ༡༥ ལ་ཤིང་བཟོའི་ལས་ཀ་བྱས་པ་ཡིན། ད་ལྟ་ཁེ་ན་ཌར་བོད་པའི་ཤིང་བརྐོས་ལག་རྩལ་སློབ་ཁྲིད་ཀྱི་ལས་གཞི་ཞིག་དང་ལེན་གྱིས་ལོ་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད། 

         དྲི་བ། རྒྱལ་ཐང་ནི་བོད་པའི་སྲོལ་རྒྱུན་ཤིང་བརྐོས་ལག་རྩལ་དར་ཁྱབ་ཆེ་ས་ཞིག་ཡིན་རབས་གོ་མྱོང་ཡོད་པས་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

    ལན།  སྤྱིར་ང་ཚོའི་ཕ་ཡུལ་རྒྱལ་ཐང་དུ་ཤིང་བརྐོས་ལག་རྩལ་དར་བའི་ལོ་རྒྱུས་དེ། ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་ཡོད་བསྡད་པ་ཞིག་རེད། ཡིན་ནའང་། བར་སྐབས་ཤིག་ནས་འགྱུར་བཅོས་སྣ་ཚོགས་ཐེབས་ཏེ།  གནའ་སྔ་མོའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་ཞེ་དྲག་ལྷག་ཡོད་པ་མ་རེད། དེང་སྐབས་ཀྱི་རྒྱལ་ཐང་ཤིང་བརྐོས་ལག་རྩལ་རི་མོ་དེ་ནི།  མི་རབས་ལྔའི་སྔོན་ལ་ང་ཚོའི་ཕ་ཡུལ་དུ་ཤིང་བཟོ་མཁའ་འགྲོ་ཟེར་བའི་སྐད་གྲགས་ཅན་ཞིག་བྱུང་བ་རེད། ཁོང་ལྷན་སྐྱེས་ཀྱིས་ཤིང་བརྐོས་ལག་རྩལ་ཐོག་མཁས་པ་ཞིག་ཡིན་སྟབས། ཤིང་བརྐོས་རི་མོ་སྣ་ཚོགས་གསར་གཏོད་གནང་སྟེ་དར་ཁྱབ་དང་སྙན་གྲགས་ཆེན་པོ་བྱུང་པ་རེད། ཤིང་བཟོ་མཁའ་འགྲོའི་དགེ་ཕྲུག་རིམ་པར་བརྒྱུད་ཡོང་བའི་ནང་གི་གཅིག་དེ་སྔའི་བོད་ཀྱི་དཔེ་མཛོད་ཁང་གི་ཤིང་བཟོ་ཆོས་མཛད་ལགས་རེད། ང་ཚོའི་ལུང་པར་མཚོན་ན་ཤིང་བརྐོས་ལག་རྩལ་སྙན་གྲགས་ཆེ་ཤོས་ཏེ་ཤིང་བཟོ་མཁའ་འགྲོ་ནས་བརྒྱུད་པའི་ལག་ཤེས་ཆགས་ཡོད།

      དྲི་བ། ད་ལྟའི་ཆར་ཁྱེད་ཀྱིས་ཁེ་ན་ཌར་ལས་ཀ་གཙོ་བོ་ག་རེ་གནང་བཞིན་ཡོད། 

    ལན།  ངས་ལས་ལ་བྱེད་ས་དེ་བཟོ་གྲྭ་ཆེན་པོ་ཞིག་རེད།  ཁོ་ཚོས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཤིང་བཟོ་ལག་རྩལ་པ་མང་པོ་གདན་འདྲེན་གྱིས་ཤིང་བཟོའི་ལག་རྩལ་སློབ་ཁྲིད་དང་།  རྒྱལ་ཁང་དང་འགྲེམས་སྟོན་ཁང་མཛེས་བཟོ། ཤིང་བརྐོས་ལག་རྩལ་གྱི་ཅ་དངོས་གསར་བཟོ་སོགས་བྱེད་ཀྱི་འདུག བཟོ་གྲྭ་དེའི་ནང་ཨེ་ཤ་ཡའི་ཕྱོགས་ནས་བོད་དང་ཧིན་དྷི་ཉི་ཞི་ཡཱ། རྒྱ་ནག་གསུམ་གྱི་ཤིང་བཟོ་མ་གཏོགས་མི་འདུག  གཞན།  ཧྥ་རན་སི་དང་འཇར་མན། ཨི་ཊ་ལི། ཡའུ་ཁི་རེན། གྷ་ན་སོགས་འཛམ་རྒྱལ་ཁབ་འདྲ་མིན་ ༢༢ ཀྱི་ཤིང་བཟོའི་ལག་རྩལ་པ་འཛོམས་ཡོད་པ་དང་། གཟའ་འཁོར་གཅིག་ནང་ལག་རྩལ་པ་དག་གིས་སོ་སོའི་ཤིང་བཟོའི་ལག་ཤེས་ཆུ་ཚོད་གཅིག་རིང་སློབ་ཁྲིད་བྱེད་དགོས་ཀྱི་འདུག  དེ་ལྟར་གཟའ་འཁོར་གཅིག་ནང་རྒྱལ་ཁབ་འདྲ་མིན་གྱི་ཤིང་བཟོའི་ལག་ཤེས་སློབ་ཁྲིད་དུས་ཚོད་ ༢༢ ཡོད་པ་རེད།  ངས་ཁོ་ཚོར་བོད་པའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་ཆོས་རྩ་དང་པདྨ། བཀྲ་ཤིས་རྟགས་བརྒྱད་སོགས་སློབ་ཁྲིད་བྱས་པ་ཡིན། ཤིང་ཚད་རྒྱག་སྟངས་དང་འབྲི་སྟངས་སོགས་འཇམ་བཟོའི་ལག་རྩལ་ཐད་ནས་ཡུ་རོབ་རྒྱལ་ཁབ་དེ་ཚོ་ཧ་ལས་པའི་མཁས་པོ་འདུག ཤིང་བརྐོས་རི་མོའི་ཕྱོགས་ནས་བོད་དང་ཧིན་དྷི་ཉི་ཞི་ཡཱ་གཉིས་ཡག་ཤོས་རེད། རྒྱ་མི་ལ་ཞེ་དྲག་ལག་ཤེས་རི་མོ་དེ་འདྲ་སློབ་རྒྱུ་དམིགས་བསལ་མི་འདུག  རྗེས་ལ་རྒྱ་མིའི་ཤིང་བཟོ་ཁོ་རང་གཉའ་ཞུམ་སྟེ་ཕྱིར་རྒྱ་ནག་ཏུ་ལོག་སོང་།

         དྲི་བ། ཁྱེད་རང་ཐོག་མར་བཟོ་གྲྭ་དེར་འབྲེལ་བ་ཇི་ལྟར་བྱུང་སོང་། དེ་གར་བོད་པའི་ཤིང་བརྐོས་ལག་རྩལ་ལ་བརྩི་མཐོང་ག་འདྲ་འདུག 

    ལན།  དེ་སྔོན་བཟོ་གྲྭའི་མགོ་བ་དེས་ས་ཁུལ་ཁུག་ཀྱོག་ཏུ་ཡོད་པའི་ང་ཚོ་བོད་པའི་ཤིང་བརྐོས་ལག་ཤེས་པ་ས་ཆ་གང་སར་བཙལ་ཏེ།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལའང་ཐེངས་གཉིས་ལ་ཡི་གེ་བཏང་འདུག  ཡིན་ནའང་། བཀའ་ཤག་གིས་བོད་ནང་ཤིང་བརྐོས་ལག་ཤེས་པ་མང་པོ་ཡོད་སྟབས། མི་གཅིག་གཏོང་ཐུབ་ཀྱི་མ་རེད་ཅེས་ལབ་ཡོད་ས་རེད།  རྗེས་སུ་ཕྱི་རྒྱལ་བ་ཞིག་ང་དང་ཐུག་འཕྲད་ཀྱིས་ཁོས་ང་རང་བཟོ་གྲྭ་དེར་ཕར་མགྲོན་འབོད་ཞུས་པ་རེད། ཁོ་ཚོས་དོ་སྣང་བསླེབ་དོན་གཙོ་བོ་དེ་ནི། ༸གོང་ས་མཆོག་གིས་ནམ་རྒྱུན་ང་ཚོས་ཆོས་དང་རིག་གཞུང་བདག་པོ་རྒྱག་གི་ཡིན་གསུང་བཞིན་ཡོད་པར་བརྟེན། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་པའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་གཙང་མ་ཉར་ཡོད་པར་ཡིད་ཆེས་བྱེད་ཀྱི་འདུག དང་ཐོག་ང་རང་ཕར་བསླེབས་རྗེས་སོ་སོའི་ཤིང་བརྐོས་རི་མོའི་པར་རྣམས་བཟོ་གྲྭའི་འབྲེལ་ཡོད་མི་སྣར་བསྟན་སྐབས། ང་ཚོ་དྷ་རམ་ས་ལ་ཁུག་ཀྱོག་ནང་འདི་འདྲའི་ལས་ཀ་བྱེད་ཀྱིན་ཡོད་པར་ཁོང་ཚོ་ཧང་སང་གི་འདུག  ང་རང་ཁེ་ན་ཌར་བསྡད་ཡུན་རིང་བརྐོས་རིས་ཅན་གྱི་གདན་ཁྲི་ཆེན་པོ་ཞིག་བཟོས་བ་ཡིན། ཁོ་ཚོའི་དམིགས་ཡུལ་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་ལག་ཤེས་ཅ་དངོས་རྣམས་རྒྱལ་ཁང་དེ་འདྲའི་ནང་བཞག་སྟེ་འགྲེམས་སྟོན་བྱེད་རྒྱུ་དེ་རེད། ཁེ་ན་ཌ་དང་ཕྱིའི་རྒྱལ་ཁབ་དག་གི་ནང་ཤིང་བརྐོས་ལག་རྩལ་རྙིང་པ་དེ་འདྲ་ཞེ་དྲག་མི་འདུག 

    དྲི་བ། བོད་པའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་འཚོལ་བསྡུ་ཆེད། ཁྱེད་རང་བོད་ནང་ཐེངས་འགར་ཕྱིན་ཡོད་འདུག ད་ལྟའི་ཆར་བོད་ནང་ཤིང་བརྐོས་རིག་གནས་ཀྱི་གནས་སྟངས་ག་འདྲ་ཆགས་འདུག

      ལན། ༢༠༠༨ ལོར་ང་རང་བོད་ནང་ཕྱིན་པ་ཡིན། ཁེ་ན་ཌར་མ་སོང་སྔོན་ཏེ་ ༢༠༡༠ ལོའི་ལོ་མཇུག་ཙམ་ལ་བསྐྱར་དུ་ཐེངས་གཅིག་ཕྱིན་པ་ཡིན། ལྷ་ས་དང་ཁམས་རྒྱལ་ཐང་གཙོས་པའི་བོད་ནང་ཤིང་བརྐོས་ལག་རྩལ་ཡོད་ས་ཚང་མར་ལྟ་རུ་སོང་བ་ཡིན། བོད་ནང་སོ་སོའི་སྲོལ་རྒྱུན་གྱི་ཤིང་བརྐོས་ལག་རྩལ་ངོ་མ་དེ་ད་ལྟ་ཧ་ལམ་ལྷག་མི་འདུག  ང་ཚོའི་ཕ་ཡུལ་དུ་ཤིང་བརྐོས་སྦྱིན་བདག་དང་དགེ་རྒན་བོད་པ་རེ་ཟུང་མ་གཏོགས་ཤིང་བརྐོས་ལས་ཀ་བྱེད་མཁན་ཕལ་ཆེ་བ་རྒྱ་མི་རེད།  ཤིང་བརྐོས་རི་མོ་ཡོད་ཚད་ཕར་དཀྲུག་ཚུར་དཀྲུག་བཏང་སྟེ།  བོད་པའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་བརྒྱ་ཆ་ ༢༠ ཙམ་མ་གཏོགས་བརྒྱ་ཆ་ ༨༠ ཙམ་རྒྱ་མིའི་རི་མོ་ཆགས་འདུག  ང་ཚོ་བཙན་བྱོལ་དུ་ཡོད་པའི་ནོར་བུ་གླིང་གའི་ཤིང་བརྐོས་རི་མོ་ནི་ལྷ་སའི་ཤིང་བརྐོས་རི་མོའི་རྒྱུན་རེད། ཉེ་སྔོན་ང་རང་ལྷ་སར་ཕྱིན་སྐབས་ལྷ་སའི་ནང་དུའང་ཤིང་བཟོས་ལས་ཀ་བྱེད་མཁན་ཕལ་ཆེ་བ་རྒྱ་མི་རེད། ལྷ་སར་ཡང་ཧ་ལམ་བོད་རང་གི་སྲོལ་རྒྱུན་ཤིང་བརྐོས་རི་མོ་བརྒྱ་ཆ་ ༥༠ ཙམ་མ་གཏོགས་ལྷག་མི་འདུག  སྔོན་ཆད་རྒྱལ་ཐང་གི་ཤིང་བརྐོས་ཅ་ལག་མང་པོ་འབྲུག་ཆུ་ཕྱོགས་སུ་ཡར་སླེབ་ཀྱིན་ཡོད་པ་དང་། རྒྱལ་ཐང་ཕྱོགས་ཀྱི་བོད་པའི་དགོན་སྡེ་ཁག་གི་ཀ་བ་དང་ཁང་པའི་བརྐོས་རིས་མང་པོ་ཞིག་འབྲུག་ཆུ་རུ་བཟོ་བཞིན་འདུག དེ་སྔོན་ཁོ་ཚོའི་ལུང་པའི་ཤིང་བརྐོས་རི་མོ་ག་འདྲ་ཡོད་མེད་ང་ལ་གསལ་ཆ་མེད་སྟབས། དེ་གར་འགྱུར་བ་ག་ཚོད་ཕྱིན་ཡོད་མེད་བརྗོད་ཐུབ་ཀྱི་མི་འདུག  ས་ཁུལ་གཞན་དང་བསྡུར་ན་ལྷ་སར་བོད་པའི་ཤིང་བརྐོས་རི་མོའི་རྒྱུ་ཆ་ཏོག་ཙམ་མང་པོ་འདུག ཡིན་ནའང་བོད་ནང་གི་ས་ཆ་གང་སར་བོད་པའི་སྲོལ་རྒྱུན་ཤིང་བརྐོས་རིག་གཞུང་གཙང་མ་ཞིག་ལྷག་མི་འདུག 

     དྲི་བ། ཁྱོད་ཀྱི་ཕ་ཡུལ་རྒྱལ་ཐང་ལ་མཚོན་ན།  སྔོན་དང་བསྡུར་ན་སྤྱི་ཚོགས་ཁྱོན་ཡོངས་ལ་འགྱུར་བ་ག་རེ་ཐེབས་འདུག 

    ལན། སྤྱིར་བོད་ནང་དུ་དཔལ་འབྱོར་ཡར་རྒྱས་གང་འཚམ་ཕྱིན་འདུག ལྷག་པར་དུ་རྒྱལ་ཐང་དུ་ཡར་རྒྱས་ཞེ་དྲག་ཕྱིན་འདུག  ཡིན་ནའང་། ང་ཚོའི་ལུང་པར་མཚོན་ན། བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ཡོངས་རྫོགས་འགྱུར་ཚར་ཡོད་པ་དང་། སོ་སོའི་སྐད་དང་ཡི་གེ་ཕལ་ཆེ་བ་བརླག་ཚར་འདུག ཐ་ན་ཁང་པའི་བཟོ་དབྱིབས་ཆ་ཚང་འགྱུར་ཚར་འདུག སྔོན་ཆད་ང་ཚོའི་ལུང་པའི་ནང་མི་མང་ཤོས་ཤིང་བཟོ་རེད། སློབ་གྲྭར་བསྐྱོད་མ་ཐུབ་པའི་ལོ་ ༡༤ ནས་ ༡༥ བར་གྱི་བྱིས་པ་ཕལ་ཆེ་བས་ཤིང་བཟོ་སྦྱོང་གི་རེད། ཤིང་བཟོའི་ལག་ཤེས་ཧ་ཅང་དར་ཁྱབ་ཆེན་པོ་ཡོད། དེང་སྐབས་གཞོན་སྐྱེས་མང་ཆེ་བས་རླངས་འཁོར་སྐོར་བ་དང་ཚོང་ཙག་ཙིག་བརྒྱབ་སྟེ། སོ་སོའི་ཤིང་བརྐོས་ལག་ཤེས་ཀྱི་ཐོག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད།  བོད་ནང་ཆང་ཁང་དང་། ཞབས་བྲོ་ཁང་མང་པོ་ཡོད་སྟབས། གཞོན་སྐྱེས་མང་པོ་ཞིག་འཕྲོ་བརླག་ལ་འགྲོ་བཞིན་འདུག  ང་ཚོའི་ཕ་ཡུལ་རྒྱལ་ཐང་རྫོང་ནས་མར་སྤྱི་ལེ་ ༨༠ ཕྱིན་ན་རྒྱ་བོད་ས་མཚམས་ལ་ཁེལ་ཡོད་པ་རེད།   དེ་གར་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེའི་མདུན་ངོས་སུ།  བོད་ཡིག་ཐོག་བོད་ཀྱི་ས་ཆ་ཡིན་ཞེས་བརྐོས་ཡོད་པ་དང་། རྒྱབ་ལོགས་སུ་རྒྱ་ཡིག་ཐོག་རྒྱའི་ས་ཆ་ཡིན་ཞེས་བརྐོས་ཡོད་ཀྱང་།  ད་ལྟ་ཕ་བོང་ཆེན་པོ་དེའི་ངོས་ཀྱི་བོད་ཡིག་རྣམས་གཙབས་ཏེ་མེད་པ་བཟོས་ཚར་འདུག

    དྲི་བ། ད་ལྟའི་བར་དུ་ཁྱེད་ཀྱིས་བོད་པའི་ཤིང་བརྐོས་ལག་ཤེས་ཐད་དགེ་ཕྲུག་ག་ཚོད་ཅིག་སྐྱེད་སྲིང་བྱས་ཡོད་དམ། 

    ལན།  དྷ་རམ་ས་ལར་བོད་ཀྱི་ལྷ་ཤིང་བཟོ་གྲྭ་བཙུགས་ཏེ་བཙན་བྱོལ་ནང་ལོ་ ༡༥ ལྷག་ལ་ཤིང་བརྐོས་ལས་ཀ་བྱས་པའི་རིང་མིང་ཐོ་ཡོད་པའི་དགེ་ཕྲུག་ ༥༦ ལ་བོད་པའི་སྲོལ་རྒྱུན་ཤིང་བརྐོས་ལག་ཤེས་བསླབས་ཡོད། དེའི་ནང་མི་ཁ་ཤས་ཀྱིས་ལོ་ ༣ དང་ཁ་ཤས་ཀྱིས་ལོ་ ༥ །  ཡང་ཟླ་བ་འགའ་རེར་སྦྱངས་རྗེས་ཕྱིན་འགྲོ་བ་ཁ་ཤས་འདུག དེ་དག་ཁྲོད་ནས་མི་ ༣༠ ལྷག་གིས་ད་ལྟ་སོ་སོའི་ངོས་ནས་ཤིང་བཟོའི་ལས་ཀ་གཉེར་བཞིན་ཡོད་ལ། ཨ་རི་དང་ཡུ་རོབ་སོགས་སུ་ཕྱིན་ཏེ་ཤིང་བཟོའི་ལས་ཀ་བྱེད་མཁན་ཡང་འགའ་ཤས་ཡོད། ཕྱིར་བོད་ནང་ཕྱིན་པ་རེ་ཟུང་ཡོད། གང་ལྟར་མང་ཆེ་བ་སོ་སོའི་རྐང་པའི་ཁར་ལངས་ཏེ་ཤིང་བརྐོས་ལག་རྩལ་ལ་བརྟེན་ནས་འཚོ་བ་རོལ་བཞིན་འདུག  སྤྱིར་བཏང་ལག་ཤེས་ཡོད་མཁན་ཞིག་ཡིན་ན། འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཡང་སོ་སོའི་ལྟོ་གོས་མ་རག་པའི་དཀའ་ངལ་ཁྱོན་ནས་ཡོད་པ་མ་རེད།  ལག་ཤེས་ཡག་པོ་ཞིག་སྦྱངས་ཚར་བའི་རྗེས་ལ་མ་མཐར་ཡང་སོ་སོའི་མི་ཚེ་ཡག་ཐག་ཆོད་འཁྱོལ་འགྲོ་བ་རེད།  

    དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་གཞོན་སྐྱེས་ལས་མེད་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་ལག་ཤེས་སྦྱོང་མཁན་མང་པོ་མེད་པ་དེའི་ཐད་གཟིགས་ཚུལ་ག་རེད་ཡོད།

     ལན།  ང་ཚོས་ནམ་རྒྱུན་བོད་ཡིག་གི་ལྟོ་རག་གི་མ་རེད། ལག་ཤེས་སྦྱང་ནས་ཆོ་ཡོད་པ་མ་རེད་ལབ་ནས་སོ་སོའི་རིག་གཞུང་ལ་དོ་སྣང་མ་སྤྲད་པར་གཡུགས་བཞག་ན།  རིམ་པས་རང་ཉིད་ཀྱི་རིག་གཞུང་བརླག་འགྲོ་རྒྱུ་རེད། ལག་ཤེས་མཐའ་འཁྱོལ་བ་ཞིག་སྦྱངས་ཚར་བའི་རྗེས་ལ།  སྒོར་མོ་འབུམ་བཅུ་གྲངས་རེ་སྤྲད་དེ་ཨ་རི་དང་ཕྱི་རྒྱལ་ཁག་ལ་སྐྱོད་དགོས་ཀྱི་ཡོད་པ་མ་རེད།  དཔེར་ན་ང་ལྟ་བུ་ཞིག་ལ་ཆ་བཞག་ན་ཕྱིའི་རྒྱལ་ཁབ་དེ་ཚོས་ཕར་ཡོང་རོགས་ཞེས་ཚུར་མགྲོན་འབོད་བྱས་ཡོང་གི་འདུག བཙན་བྱོལ་ནང་བོད་པའི་གཞོན་སྐྱེས་མང་པོ་ལས་མེད་དུ་ལྷག་ཡོད་པ་དང་། འགའ་རེས་དགུན་ཚོང་ལ་འགྲོ་བཞིན་ཡོད། ཡང་རེ་ཟུང་ཁྲོམ་ལ་འཁྱམས་ནས་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་ཡོད། འཛམ་གླིང་གང་སར་མཐོ་སློབ་ཏུ་ཡིག་ཚད་མ་ལོན་མཁན་ཁྲི་སྟོང་མང་པོ་ཡོད་པ་རེད། ཡིན་ནའང་། ལག་ཤེས་སྦྱོང་མ་ཐུབ་མཁན་གཅིག་ཀྱང་ཡོད་པ་མ་རེད། ཐོག་མར་སྦྱོང་སྐབས་ཀྱི་ལོ་གཉིས་གསུམ་རིང་ཡོང་འབབ་ཆེན་པོ་མེད་ཀྱང་།  ལག་ཤེས་མཐར་ཕྱིན་པ་ཞིག་སྦྱངས་ཚར་རྗེས།  འཛམ་གླིང་གང་དུ་ཕྱིན་ཡང་མི་ཚེ་འཁྱོལ་མ་ཐུབ་པའི་དཀའ་ངལ་ཡོང་མི་སྲིད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་སོ་སོ་རང་ཉིད་ཀྱི་རིག་གཞུང་ལའང་རང་བཞིན་གྱིས་བདག་པོ་བརྒྱབ་སྟེ་རྒྱུན་འཛིན་གནང་ཐུབ་ཀྱི་རེད། དེར་བརྟེན།  གཞོན་སྐྱེས་ཡིག་ཚད་མ་ལོན་མཁན་ཚོས་ལག་ཤེས་ཐོག་རིག་གཅིག་རྐང་འཛིན་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།  

    དྲི་བ།  ཤིང་བརྐོས་གཙོས་བོད་པའི་སྲོལ་རྒྱུན་ལག་ཤེས་དར་སྤེལ་རྒྱུན་འཛིན་ཐད།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལྟ་རྟོག་རོགས་སྐྱོར་གནང་དགོས་པ་ག་རེ་མཐོང་གི་འདུག 

    ལན།  སྔོན་ཆད་ང་ཚོས་དཔེ་མཛོད་དུ་ཤིང་བཟོ་སྦྱངས་སྐབས། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ལག་ཤེས་སྦྱོང་མཁན་མི་རེར་ཧིན་སྒོར་ ༡༠༠༠ རོགས་དངུལ་སྤྲོད་ཀྱིན་ཡོད་པ་རེད།  རྗེས་ལ་ང་ཚོ་མཐར་ཕྱིན་ཏེ་ཤིང་བརྐོས་དགེ་རྒན་ཆགས་སྐབས། ང་ཚོའི་དགེ་ཕྲུག་ཚོར་སློབ་ཡོན་དེ་མེད་པ་བཟོས་པ་རེད། ནོར་གླིང་དུ་དགེ་ཕྲུག་ཉར་རྒྱུ་དང་ལག་ཤེས་སྤྲོད་པའི་ཐད་དུས་བཅད་དང་འགྲོ་སྟངས་ཤིག་ཡོད་ས་རེད།  དེ་མ་གཏོགས་གཞན་པའི་ཤིང་བརྐོས་ལག་ཤེས་སྦྱོང་མཁན་དགེ་ཕྲུག་ཚོར་གཞུང་གིས་རོགས་རམ་དེ་འདྲ་ཡོད་པ་མ་རེད།  རྡེ་ར་རྡུན་དུ་བོད་ཁྱིམ་ལག་ཤེས་སློབ་གྲྭར་ཤིང་ལས་འཇམ་བཟོ་སྦྱངས་ཚར་རྗེས་ང་ཚོའི་ལྷ་ཤིང་བཟོ་གྲྭར་ཡོང་སྟེ་བརྐོས་རིས་སྦྱོང་མཁན་དེ་འདྲ་ཡོང་གི་འདུག  ངས་བསམ་ན་ནོར་གླིང་གཅིག་པུའི་ཤིང་བཟོར་བལྟས་བསྡད་པ་ཡིན་ན། རྒྱ་གར་ནང་ང་ཚོའི་རིག་གཞུང་ཕལ་ཆེར་ལོ་རེ་བཞིན་ཉམས་ཆག་ལ་འགྲོ་རྒྱུ་ལས་ཁྱབ་བརྡལ་ལ་འགྲོ་ཐུབ་རྒྱུ་མ་རེད།  འགྲོ་ཐབས་འདུག་ཐབས་ཙམ་གྱི་ལག་ཤེས་སློབ་གཉེར་གྱིས་སོ་སོའི་ལྟོ་གོས་འགྲིག་ཙམ་ཞིག་མ་གཏོགས། བོད་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་རྐང་ཚུགས་ཐུབ་པ་ཞིག་བདག་པོ་རྒྱག་ཐུབ་ཀྱི་མ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་པའི་སྲོལ་རྒྱུན་ལག་ཤེས་འདྲ་མིན་གྱི་དགེ་རྒན་ཚད་དང་ལྡན་པ་གོ་སྒྲིག་གནང་སྟེ།  ལག་ཤེས་ཀྱི་དགེ་ཕྲུག་རིགས་གཅིག་རྐང་འཛིན་ཐོན་ཐུབ་པ་བྱ་རྒྱུ་དང་། བོད་པའི་སྲོལ་རྒྱུན་ལག་ཤེས་བཟོ་གྲྭ་སོགས་རྒྱ་སྐྱེད་དང་། འཛམ་གླིང་རྒྱལ་ཁབ་ཁག་ནང་བོད་པའི་ལག་ཤེས་ཐོན་རྫས་ཀྱི་ཚོང་ཁང་བཙུགས་ཏེ། རིག་གནས་ཚོང་རའི་གཞི་རྐང་བརྟན་པོ་ཞིག་འཛུགས་རྒྱུར་བསམ་བློ་གཏོང་དགོས་ཀྱི་འདུག ད་ལྟའི་ཆར་ང་ཚོར་སོ་སོའི་རིག་གནས་ཐོན་དངོས་ཀྱི་ཐོག་ནས་དཔལ་འབྱོར་འཚོལ་སྒྲུབ་ཐུབ་མཁན་སྨན་རྩིས་ཁང་གཅིག་པུ་རེད།  མ་འོངས་རིག་གནས་ལག་ཤེས་གཞན་པའི་ཐད་ནས་ཀྱང་དཔལ་འབྱོར་འཚོལ་སྒྲུབ་བྱ་ཐུབ་པ་ཡིན་ན། གཞོན་སྐྱེས་མང་པོར་ལས་ཀ་རག་གི་རེད་ལ་གཞུང་གི་དཔལ་འབྱོར་ཐོག་ཏུ་འང་ཏན་ཏན་ཕན་ཐོགས་ཡོང་གི་རེད།

    དྲི་བ། མ་འོངས་པར་བོད་པའི་ཤིང་བརྐོས་རིག་གནས་ཐོག་ལས་འཆར་གསར་པ་དེ་འདྲ་ཡོད་དམ།

    ལན།  ང་རང་ཁེ་ཎ་ཌར་ཡུན་རིང་པོ་འདུག་རྒྱུའི་དམིགས་ཡུལ་མེད། ད་ལྟ་ལོ་གསུམ་བཞི་ཞིག་ལ་ཁོ་ཚོར་བོད་པའི་ཤིང་བརྐོས་རི་མོ་སློབ་དགོས་ཀྱི་ཡོད་པ་རེད། ལས་ཀ་དེ་ཚར་བའི་རྗེས་ལ་ང་རང་ཕར་རྒྱལ་ཐང་ལ་ལོག་སྟེ།  རང་ཉིད་ཀྱིས་མི་ཚེ་གཅིག་ནང་སྦྱངས་བརྩོན་དང་འཚོལ་བསྡུ་བྱས་པའི་བོད་པའི་སྲོལ་རྒྱུན་ཤིང་བརྐོས་རི་མོ་ཡོངས་རྫོགས་ཉར་ཚགས་བྱས་ཏེ། རྒྱལ་ཐང་དུ་བོད་པའི་སྲོལ་རྒྱུན་ཤིང་བཟོའི་ལག་རྩལ་བརྐོས་རིས་འགྲེམས་སྟོན་ཁང་ཞིག་འཛུགས་དགོས་བསམ་ཡོད། འགྲེམས་སྟོན་ཁང་འཛུགས་རྒྱུ་དེ་ངའི་མི་ཚེ་ནང་ཡིན་གཅིག་མིན་གཅིག་འགྲུབ་ཐུབ་པ་བྱ་རྒྱུ་ཡིན། ང་ཚོས་ནམ་རྒྱུན་ཆོས་དང་རིག་གཞུང་བདག་པོ་རྒྱག་གི་ཡིན་ལབ་བསྡད་ཡོད་པ་རེད། ཚང་མ་ཕྱི་རྒྱལ་ལུང་པར་ཕྱིན་ཏེ་སོ་སོའི་ཆོས་དང་རིག་གཞུང་བརླག་ཚར་ན་ཆོ་གང་ཡང་མི་འདུག  ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུ་ཡིན་ན། སོ་སོའི་ལུང་པའི་ནང་སྟོན་ཐུབ་པ་བྱེད་དགོས་པ་རེད། དེ་མ་གཏོཊ་ལག་ཤེས་པ་རྒན་པ་རྣམས་རེ་རེ་བཞིན་གྲོངས་ཚར་རྗེས།  ལག་ཤེས་རིག་གནས་ཀྱང་རིམ་པས་རྫོཊ་འགྲོ་བ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༦༧ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༢ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་ ཤིང་ཚད་རྒྱག་སྟངས་དང་འབྲི་སྟངས་སོགས་འཇམ་བཟོའི་ལག་རྩལ་ཐད་ནས་ཡུ་རོབ་རྒྱལ་ཁབ་དེ་ཚོ་ཧ་ལས་པའི་མཁས་པོ་འདུག ཤིང་བརྐོས་རི་མོའི་ཕྱོགས་ནས་བོད་དང་ཧིན་དྷི་ཉི་ཞི་ཡཱ་གཉིས་ཡག་ཤོས་རེད། རྒྱ་མི་ལ་ཞེ་དྲག་ལག་ཤེས་རི་མོ་དེ་འདྲ་སློབ་རྒྱུ་དམིགས་བསལ་མི་འདུག རྗེས་ལ་རྒྱ་མིའི་ཤིང་བཟོ་ཁོ་རང་གཉའ་ཞུམ་སྟེ་ཕྱིར་རྒྱ་ནག་ཏུ་ལོག་སོང་། ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese