རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༠ བར་རྒྱ་ནག་གཞུང་གིས་རྫ་ཆུ་ཁ་དབོན་པོ་ཞང་དུ་རྒྱ་དར་བསྒྲེངས་འཛུགས་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག སྔ་ཕྱིར་དགོན་པའི་གྲྭ་པ་ ༡༨ འཛིན་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༢༢ ཉིན་དབོན་པོ་དགོན་དུ་མཚན་ཉིད་སློབ་གཉེར་གནང་བཞིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ ༥ འཛིན་བཟུང་བཙན་འཁྲིད་བྱས་ཏེ། གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་དེ་དག་ནི། གྲྭ་རྒྱལ་མཚན་དང་བློ་བཟང་བཙུན་པ། ལྷ་རྒྱལ། རྒྱ་མཚོ། ལྷ་འབུམ་བཅས་ཡིན་འདུག་ལ། ཉིན་དེ་ནས་ད་ལྟའི་བར་དགོན་པའི་གྲྭ་བ་ཙམ་མིན་པར། ཕྱི་ཚེས་ ༢༠ ཉིན་མི་སྐྱ་བློ་བཟང་ཕུན་ཚོགས་འབོད་པ་ཞིག་འཛིན་བཟུང་བྱས་ཏེ། ཁོང་དང་བོད་མི་ ༩ ས་ཆ་གཞན་དུ་ཁྲིད་ཡོད་འདུག
ཉེ་བའི་དུས་ནས་རྒྱ་གཞུང་གིས་རྫ་ཆུ་ཁ་དབོན་པོ་ཞང་དུ་དམག་མི་དང་ཉེན་རྟོག་མི་སྣ་མང་པོ་འགྲེམས་འཇོག་གིས། ས་གནས་དགོན་གྲོང་གཉིས་ལ་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ