གཟའ་ཉི་མའི་ཉིན་ལེ་བྷེ་ཡའི་གྲོས་ཚོགས་མདུན་དུ་མི་མང་གིས། གཞུང་གི་དྲག་གནོན་འཕྲལ་ཏུ་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་ཤུཊ་ཆེར་བྱས་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༡ ཉིན་ལེ་བྷེ་ཡའི་གྲོས་ཚོགས་མདུན་དུ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས། ད་ཆར་ལེ་བྷེ་ཡའི་བྷ་ནེ་ཝ་ལེ་ཌི་ (Bani Walid) ས་ཁུལ་དུ་གཞུང་གི་དྲག་གནོན་བྱེད་བཞིན་པ་འཕྲལ་ཏུ་མཚམས་འཇོག་བྱ་དགོས་པའི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་འདུག
བྷ་ནེ་ཝ་ལེ་ཌི་ས་གནས་ནི། དེ་སྔ་གྷ་ཌ་ཧྥེ་ཡི་བཙན་ཤུགས་ས་ཁུལ་ཞིག་ཡིན་པ་དང་། ད་དུང་ས་གནས་དེར་ཁོང་གི་ཤོག་གཏོགས་པ་ཤུགས་ཆེར་ཡོད་སྟབས། ལེ་བྷེ་ཡའི་གཞུང་གསར་པའི་རྒྱལ་སྲུང་བློན་ཆེན་གྱིས་ས་གནས་དེར་དམག་དཔུང་བཏང་སྟེ། འདས་པའི་ཉིན་འགའི་རིང་ཕན་ཚུན་བར་འཐབ་འཁྲུག་དྲག་པོ་བྱས་པའི་ཁྲོད་མི་ ༢༢ ཙམ་དམར་གསོད་དང་། གཞན་མི་ ༢༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག
ལེ་བྷེ་ཡའི་གྲོས་ཚོགས་མགྲིན་ཚབ་པ་ཨོ་མར་ཧམ་ཌན་ (Omar Hamdan) གྱིས། ཕྱི་ཚེས་ ༢༠ ཉིན་གྱི་འཐབ་འཁྲུག་ཁྲོད་རང་ལོ་ ༢༨ ཡིན་པ་གྷ་ཌ་ཧྥེའི་བུ་ཆུང་ཤོས་ཀཱ་མེ་སི་གྷ་ཌ་ཧྥེ་ (Khamis Gaddafi) ཤི་ཡོད་སྐོར་བརྗོད་ཡོད་འདུག་ལ། ད་ཆར་ཀཱ་མེ་སི་གྷ་ཌ་ཧྥེ་དམར་གསོད་བཏང་མིན་དང་རྨས་སྐྱོན་ཕོག་སྟེ་ཤི་མིན་གྱི་ཐད་གླེང་རྙོག་ཅིག་འབྱུང་བཞིན་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།