དེ་རིང་བཞུགས་སྒར་ངྷ་རམ་ས་ལར་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡི་གོ་སྒྲིག་འོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ལ་མི་མང་གི་ངོས་ནས་བརྡ་ལན་སྤྲོད་རྒྱུའི་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༠༠ ཐོག བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་ཉེ་འགྲམ་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཚོགས་པ་བཞི་ཐུན་མོང་གི་གོ་སྒྲིག་འོག སང་ཉིན་ཕྱི་ཚེས་ ༨ ཉིན་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་མགོ་འཛུཊ་ཀྱིས། དམར་ཤོག་ཚོགས་པའི་སྲིད་འཛིན་གསར་པ་བསྐོ་བཞག་དང་ལས་བྱེད་འཕོ་འགྱུར་གཏོང་བའི་དུས་སྐབས་དང་སྟབས་བསྟུན་ཏེ། རྒྱ་ནག་གཞུང་གིས་བོད་ཐོག་དམ་དྲག་གི་སྲིད་བྱུས་འོག་ད་ལྟའི་བར་བོད་ནང་བོད་མི་ ༦༣ ལྷག་གིས་རང་ལུས་མེར་བསྲེཊ་ཀྱིས་ངོ་རྒོལ་བྱས་ཡོད་སྟབས། བཞུགས་སྒར་དུ་ཡོད་པའི་བོད་མི་ཚོར་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འདྲ་རིས་མདུན་དུ། མི་སྒེར་གྱི་ངོས་ནས་ཁོང་ལ་བོད་དོན་ཐད་བརྡ་ལན་གང་ཡོད་ཡིག་ཐོག་ཏུ་ཕབ་བཅུག་ཏེ་ལས་འགུལ་ཞིག་སྤེལ་སོང་།
ཐེངས་འདིའི་ལས་འགུལ་འདི་ནི། གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ མ་འཚོགས་ཡར་སྔོན་ཏུ། ཞི་ཅིན་ཕིན་གྱིས་གཙོས་མི་རབས་ལྔ་པའི་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་ཀྱི་དཀའ་རྙོག་ལ་གདོང་ལེན་མ་བྱས་ཚེ། ད་བར་རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་ཁྲིམས་མཐུན་མིན་པའི་དབང་བསྒྱུར་རྣམས་མཚམས་འཇོག་བྱེད་འདོད་མེད་པའི་རྣམ་འགྱུར་དེ། དེ་སྔ་ལྟར་རྒྱ་ནག་གི་ལོ་རྒྱུས་རང་བཞིན་གྱི་ནག་ཐིག་ཅིག་ཆགས་སྲིད་པའི་བརྡ་ལན་སྤྲོད་ཆེད་དང་། བོད་མི་མི་རེ་ངོ་རེར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ཞི་ཅིན་ཕིན་ལ་བོད་དོན་དང་འབྲེལ་བའི་བརྡ་ལན་སྤྲོད་སའི་སྡིངས་ཆ་བསྐྲུན་པ་ཞིག་ཡིན་འདུག་ལ། ལས་འགུལ་འདི་ངྷ་རམ་ས་ལ་ཁོ་ནར་མ་ཡིན་པར་ཨ་རི་དང་ཁེ་ཎ་ཊ་བཅས་རྒྱལ་ཁབ་ཁག་ཏུ་རིམ་པས་སྤེལ་རྒྱུ་ཡིན་པ་མ་ཟད། བོད་མིའི་བརྡ་ལན་དེ་དག་དྲ་རྒྱའི་བརྒྱུད་ལམ་ནས་རྒྱལ་སྤྱིའི་ནང་གསལ་བསྒྲགས་བྱ་འཆར་ཡོད་འདུག
དེ་བཞིན། དེ་རིང་རྒྱ་གར་གྱི་ཆུ་ཚོད་ ༦།༣༠ ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གཉིས་མཉམ་འབྲེལ་ཐོག རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་ལྷོ་ཀོ་རི་ཡའི་གཞས་པ་ ( psy) ཡིས་བརྙན་ཐུང་གླུ་གཞས་དང་འབྲེལ་ཏེ། རྒྱ་ནག་གི་བོད་ནང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་སྐོར་གྱི་བརྙན་འཕྲིན་ཞིག་དྲ་རྒྱའི་ཐོག་གསལ་བསྒྲགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ