རྒྱ་གཞུང་གིས་རྫ་ཆུ་ཁ་དབོན་པོ་དགོན་པའི་གྲྭ་པ་གཉིས་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་གཞུང་གིས་དབོན་པོ་ཞང་དུ་རྒྱ་དར་བསྒྲེངས་འཛུགས་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག དགོན་པར་མཚན་ཉིད་སློབ་གཉེར་གནང་བཞིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་པ་ ༥ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཉིན་དེར་གྲྭ་ཆོས་དར་འབོད་པ་སེར་ཤུལ་རྫོང་དུ་གློ་བུར་འཛིན་བཟུང་དང་། གྲྭ་ཚུལ་ཁྲིམས་དཔལ་ལྡན་འབོད་པ། དར་རྩེ་མདོའི་སྨན་ཁང་དུ་འགྲོ་བའི་ལམ་བར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ཁོང་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག
ཉེ་ལམ་རྒྱ་གཞུང་གིས་དབོན་པོ་དགོན་པར་སློབ་གཉེར་བྱེད་ཀྱིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བ་ ༥ འཛིན་བཟུང་བྱས་པའི་ཁྲོད་ཀྱི་གྲྭ་རྡོ་རྗེ་བཀག་ཉར་བྱས་པ་ལས། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་པ་ ༤ དང་། དེ་སྔ་འཛིན་བཟུང་བྱས་པའི་དགོན་པའི་དྲུང་ཡིག་བསོད་བཟང་དང་གྲྭ་པ་ཁག་ཅིག་གནས་སྐབས་རིང་གློད་གྲོལ་བཏང་ཡོད་ཀྱང་། ད་ཆར་ས་གནས་ཀྱི་སློབ་གྲྭ་དང་གཞུང་གི་ལས་ཁུངས་བཅས་སུ་དམག་མི་དང་དྲག་ཆས་ཉེན་རྟོག་པ་མང་པོ་གཏན་སྡོད་ཀྱིས། ཞོགས་པའི་ཆུ་ཚོད་ ༩།༠༠ ཡས་མས་སུ་དམག་སྦྱོང་དང་། ཉིན་དཀར་དང་དགོང་མོར་ས་གནས་ཀྱི་སྲང་ལམ་དུ་སྐོར་སྐྱོད་ཀྱིས་ལྟ་རྟོག་བྱས་ཏེ། ས་གནས་དགོང་གྲོང་གཉིས་དམ་དྲག་ཁྲོད་ལྷག་ཡོད་འདུག
གསར་འགོད་པ། དོན་གོ