མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེབ་གོང་དུ་ཡང་བསྐྱར་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་ཉི་མའི་ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་། རེབ་གོང་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་པ་ལྟར་ན། དེ་རིང་ཕྱི་ཚེས་ ༤  ཉིན་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༣༠ སྟེང་། རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གྲས་ཀླུ་གཤོང་སྡེ་བ་ནས་ཡིན་པ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་། ཆུ་ཚོད་ ༡༡ སྟེང་དཔའ་བོ་ཁོང་གི་སྐུ་ཕུང་གདོང་རྒྱལ་ཀླད་དུ་གདན་འདྲེན་ཞུས་ཏེ།  ཆུ་ཚོད་ ༣ པ་ཡས་མས་ལ་སྐུ་ཕུང་ཞུགས་འབུལ་ཞུས་ཡོད་པ་དང་། སྐབས་དེར་དགེ་འདུན་པ་དང་མང་ཚོགས་སྟོང་ཕྲག་དྲུག་བརྒལ་བ་འཛོམས་སྟེ།  བསྔོ་བ་སྨོན་ལམ་གསུང་པ་དང་མ་ཎི་དབྱངས་རྟ་གྱེར་བ།   ཀི་བསྭོ་ལྷ་རྒྱལ་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག 

རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་། རྒྱལ་གཅེས་དཔའ་བོ་ཁོང་གིས་བོད་ལ་རང་དབང་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། ད་ངའི་རེ་བ་འགྲུབ་སོང་ཞེས་མེ་ཕུང་དཀྱིལ་ནས་སྐད་འབོད་བྱས་ཡོད་འདུག  དཔའ་བོ་ཁོང་ནི་ལྷ་བྲིས་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་།  ཁོང་གི་ཕ་མིང་ལ་འབྲུག་ཐར་རྒྱལ་འབོད་པ་དང་ད་ལྟ་ལོ ༥༠ དང་། ཨ་མའི་མིང་ལ་ཤ་བོ་གཡང་མོ་ཟེར་ཞིང་ལོ་ ༤༤ །  ཁོང་གི་བཟའ་ཟླའི་མིང་ལ་གཡང་མོ་མཚོ་ཟེར་ཞིང་ལོ་ ༢༦ ཡིན་འདུག  ཁོང་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཉིས་ཡོད་པ་ལས།  རྒན་པ་བུ་ཀུན་བཟང་རྡོ་རྗེ་ལོ་ ༤ དང་། ཆུང་བ་བུ་མོ་ཏིང་འཛིན་སྒྲོལ་མ་ལོ་ ༢ ཡིན་འདུག

རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་རང་ལུས་མེར་བསྲེག་གཏོང་ས་ནི།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་རོང་བོ་རྒྱལ་ཐང་གི་གྲོང་ཁྱེར་ལ་ལམ་ཆེན་འགག་མདོ་ཁ་ཤས་ཡོད་པ་ལས། ནུབ་ཁུལ་བྱ་ཁྱུང་ལམ་ཁུལ་གྱི་སུམ་མདོ་ཡིན་འདུག་ལ། ཁོང་གིས་རང་ལུས་མེར་བསྲེག་གིས་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་ལམ་འགྲོ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་འཕྲལ། སྐུ་ཕུང་རྒྱ་དམག་གི་ལག་ཏུ་ཤོར་མ་བཅུག་པར།  དུས་ཡུན་ཐུང་ངུའི་ནང་རོང་པོ་དགོན་པའི་དགེ་འདུན་པ་རྣམས་དང་། ཐག་ཉེ་རིང་གི་མང་ཚོགས་མང་པོ་ག་ས་གང་ནས་འདུ་འཛོམས་བྱུང་སྟེ་སྐུ་ཕུང་ལ་ཁ་བཏགས་འཐེན་པ་དང་། སྐུ་ཕུང་རེབ་གོང་རོང་པོ་དགོན་པའི་རྒྱབ་རིའི་མདུན་གྱི་གདོང་རྒྱལ་ཀླད་དུ་གདན་གྱིས་ཞུགས་འབུལ་བྱས་ཡོད་འདུག 

ས་གནས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ད་ནངས་མེར་བསྲེག་ལས་འགུལ་བྱུང་པའི་རྗེས་ཙམ་ནས། ཉེན་རྟོག་པ་དང་དམག་མིས་སྲང་ལམ་དག་ལ་སྐོར་གཡེང་དང་། དམ་དྲག་བྱེད་མགོ་ཚུགས་ཡོད་ནའང་། དེ་རིང་མང་ཚོགས་ཀྱིས་སྐད་འབོད་བྱས་སྐབས་དང་། སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་གདན་ཞུས་སྐབས། ཞུགས་འབུལ་དངོས་གཞིའི་སྐབས་བཅས་ལ་མང་ཚོགས་འཛིན་བཟུང་དང་། གཅར་རྡུང་། དྲག་གནོན་སོགས་ཀྱི་གནས་སྟངས་བྱུང་མེད་ཀྱང་། གནས་ཚུལ་འདིའི་སྐོར་ཕྱིར་བསྒྲགས་མི་ཆོག་པ་མང་ཚོགས་ནང་དྲིལ་སྒྲོག་ཁྱབ་སྤེལ་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག

དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ལ་ཁ་ནི་རེབ་གོང་གི་ལོ་རྒྱུས་ནང་དམིགས་བསལ་ས་ཆ་ཞིག་ཆགས་ཡོད་ལ།  དེར་བླ་ཆེན་དག་སྐུ་གཤེགས་པའི་སྐབས་སྐུ་གདུང་ཞུགས་འབུལ་བྱ་ཡུལ་ཞིག་ལས། དུར་ཁྲོད་ཀྱི་མིང་དང་ངོས་འཛིན་ཡོད་པ་ཞིག་མིན་པ་མ་ཟད། སྤྱིར་བཏང་གི་བླ་མ་དང་གྲྭ་པ། ལྷག་པར་དུ་མང་ཚོགས་དཀྱུས་མའི་རིགས་འདས་གྲོངས་སྐབས་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་ཞིག་མིན་པ་རེད། ཡིན་ནའང་།  འདི་ལོའི་ཕྱི་ཟླ་ ༣  ཚེས་ ༡༧ ཉིན་རེབ་གོང་ཤ་སྦྲང་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་པའི་རྗེས།  ཁོང་གི་སྐུ་ཕུང་གདོང་རྒྱལ་ལ་ཁ་ནས་ཞུགས་འབུལ་ཞུས་ཡོད་ལ།  དེ་ནི་རེབ་གོང་གི་ལོ་རྒྱུས་ནང་ས་གནས་འདིར་མི་སྐྱ་ཞིག་གི་སྐུ་ཕུང་ཞུགས་འབུལ་ཞུས་པ་ཐོག་མ་དང་། དེ་རིང་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་སྐུ་ཕུང་ས་གནས་དེར་ཞུགས་འབུལ་ཞུས་པ་ནི་ཐེངས་གཉིས་པ་དེ་ཆགས་ཡོད། འདི་ནི་མང་ཚོགས་ཀྱི་ངོས་ནས་དཔའ་བོ་ཁོང་ཅག་གི་མཛད་རྗེས་ལ་བླ་ན་མེད་པའི་གུས་བརྩི་ཞུས་པའི་རྣམ་པ་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག

ས་གནས་ནས་འབྲེལ་ཡོད་ཁག་ཅིག་ནས་བརྗོད་གསལ་ལ། ཉེ་སྔོན་ནས་ས་གནས་གཞུང་གི་ལས་ཁུངས་ཁག་ནང་གློག་ཀླད་རིགས་དྲ་རྒྱའི་སྐུད་ལམ་དུ་ཐད་ཀར་མཐུད་སྦྱོར་མི་ཆོག་པ་དང་།  དྲ་ལམ་དུ་གང་བྱུང་འཛུལ་ཞུགས་ཐད་དམ་དྲག་བྱེད་བཞིན་ཡོད་ལ།  དེ་རིང་ཉིན་རྒྱབ་ནས་རེབ་གོང་ལ་འབྲེལ་བ་བྱེད་ཁག་ཏུ་སོང་སྟེ། ད་ལྟའི་ཆར་གློག་ཀླད་དྲ་ལམ་ཆ་ཚང་བཀག་ནས་ཕྱི་ལོགས་སུ་འབྲེལ་བ་བྱེད་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱིན་པའི་གནས་སྟངས་ཆགས་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༠༥

མཆན། 13

  1. གནས་ཚང་། says:
    ལོ་ 13 སྔོན།

    བླ་མེད་དཔའ་བོའི་ཞབས་ལ་གུས་ཕྱག་འབུལ།
    སླར་ཡང་བོད་ནས་འཁྲུངས་པའི་གཞེན་བསྐུལ་ཞུ།
    སྟོང་གསུམ་འཇིག་རྟེན་འགོ་འཇུག་མ་ལོག་བར།
    གཟིམས་མེད་གངས་ལྗོངས་དཔའ་བོ་དུས་ཀྱི་རྔ་།

    Reply
  2. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    འཇམ་གཅེས་ཀྱི་འབོད་སྐུལ་འདི། ཐད་ཀར་པེ་ཅིང་གི་ཚེ་རིང་འོད་ཟེར་ལ་བསྐུར་དགོས། བུད་མེད་འདིས་ཧ་ཅང་འབྱོན་མདོག་གིས་པར་གང་རེག་པ་ལམ་སང་འབྲེལ་བཤད་ཅི་ཡང་མེད་པར་བརྒྱུད་ལམ་དུ་གཏོང་གི་ཡོད། ག་ལེར་ག་ལེར་དེའི་རྗེས་སུ་འབྲེལ་བཤད་འདྲ་བོ་བྲིས་ཡོང་གི་ཡོད།
    དེ་སྔ་གསར་འགོད་པའི་གཟེངས་རྟགས་ཤིག་རེག་ཡོད་པས། མེར་བསྲེགས་ལས་འགུལ་ལ་བརྟེན་ནས་ཡང་ཁོང་མོའི་སྒེར་དོན་སྒྲུབ་འདོད་པ་འདྲ། དེ་མིན་ཚེ། བུད་མེད་འདིས་ལག་སྔ་གང་མགྱོགས་བྱེད་དགོས་དོན་མི་འདུག

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    རང་རེའི་གསར་འཕྲིན་ཁག་གི་རྩོམ་སྒྲིག་པ་ཡོངས་དང་། དྲ་གྲོགས་ཡོངས་ལ་ཆེད་ཞུ།
    ང་ཚོའི་དཔའ་བོ་ཕོ་མོ་དག་གིས་བླ་ན་མེད་པའི་མཛད་རྗེས་དེ་དག་ལ་བབ་པའི་ཁྱབ་བསྒྲགས་ཤིག་ཡོང་གི་མེད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ང་ཚོས་གནས་ཚུལ་བྱུང་མ་ཐག་ང་རང་ཚོའི་ནང་ཁུལ་གྱི་གསར་འགྱུར་ཁག་ཏུ་བཀོད་ཐལ་ཤོར་པ་དང་། ལྷག་པར་དུ་ངོ་དེབ་སོགས་སུ་བསྒྲགས་པའི་དབང་གིས་རེད།
    བོད་ནང་དུ་དཔའ་བོ་༦༣་ཀྱིས་རང་སྲེག་གནང་ཡོད་ན་ད་བར་དུ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་
    པ་ག་ཚོད་འདུག རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གིས་མ་བླངས་ན་དེ་ཙམ་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་མེད། ཁྱེད་ཅག་གིས་སྔོན་མ་བོད་རང་བཙན་ཆེད་སློ་ཕྲུག་ཚོགས་པ་དང་། རྗེས་སུ་བཙན་བྱོལ་བོད་གཞུང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འདི་འདྲ་གནས་ཚུལ་སུ་ལ་རག་ན་ལམ་སང་ངོ་དེབ་སོགས་སུ་བཀོད་རྒྱུར་མ་བྲེལ་བར་བྱུང་ན་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་CNN BBC སོགས་ལ་སྐུལ་རོགས། དེ་མ་བྱུང་ན་ཁོང་ཅག་ལ་སྐུར་རོགས་ཞེས་འབོད་སྐུལ་གནང་ཡོད་པ་གསན་ཡོད་ཤག གང་ལགས་ཤེ་ན་ང་ཚོས་འདི་ལྟར་ཁྱབ་བསྒྲགས་བྱས་རྗེས་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་BBB དང་ CNN ABC སོགས་ཀྱིས་གནས་ཚུལ་རྙིང་པ་རེད་ཅེས་ངོས་ལེན་བྱེད་ཀྱི་མེད། དེ་ལྟར་ང་ཚོའི་རང་སྲེག
    ་
    གི་དཔའ་བོའི་མཛད་རྗེས་དེ་ཚོ་ཁྱབ་བསྒྲགས་དགོས་ངེས་ཤིག་འགྲོ་ཐུབ་ཀྱི་མེད།
    མཐའ་ན་ལམ་ཐོག་ཏུ་མོ་ཊ་ཞིག་བརྡབ་སྐྱོན་བྱུང་བ་ཡང་གསར་འགྱུར་དུ་ཇི་ལྟར་ཁྱབ་བསྒྲགས་འགྲོ་གི་ཡོད་པ་ལྟར་དུ་རང་ཅག་གི་དཔའ་བོ་ཕོ་མོ་དག་གི་མཛད་པ་རླབས་ཆེན་འདི་དག་དེ་ལྟར་འགྲོ་གི་འདུག་གམ། དཔའ་བོ་དཔའ་མོ་དེ་སྙེད་ཅིག་གིས་རང་སྲེག་བྱས་པའི་ཁྱབ་བསྒྲགས་ཅི་ཙམ་སོང་འདུག་ཁྱེད་ཅག་གིས་གཟིགས་དང་མཁྱེན་ཐུབ། ཁྱེད་ཅག་གིས་དགོང་པ་བཞེས་དང་།
    འོ་ན་ང་ཚོས་གང་ཞིག་བྱེད་དགོས་ཤེ་ནཿ གནས་ཚུལ་འདི་འདྲ་བྱུང་བའི་གནས་ཚུལ་སུ་ལ་ཡང་རག་མ་ཐག བྱུང་ན་ལམ་སང་ BBC སོགས་ལ་གནས་ཚུལ་གསར་བ་སྐུར་དགོས། དེ་མ་ཐུབ་ན་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པར་སྐུར་དང་ཁོ་ཚོས་མ་ནོར་བར་ཁྱབ་བསྒྲགས་བྱེད་ཐུབ། དེ་མ་བྱུང་ན་བོད་གཞུང་ལ་སྐུར་དང་འགྲིག དེ་མ་བྱུང་བར་དུ་ནང་ཁུལ་ཚགས་པར་ཁག་གིས་ཀྱང་བཀོད་མི་ཉན། རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་གིས་མ་བཀོད་པར་དུ་སྒུག་རོགས། ལྷག་པར་དུ་ངོ་དེབ་དུ་དེ་བས་མི་ཉན།
    རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཟིན་པ་དང་། ངོ་དེབ་སོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྱབ་བསྒྲགས་བྱེད་དགོས།
    ངས་ཞུས་པ་དེ་མ་འོངས་པར་ཐུགས་ལ་འཇོག་རོགས། ཁྱེད་ཅག་གི་གྲོགས་པོ་དག་ལ་ཡང་གནད་དོན་འདི་གསུང་རོགས། གོང་གསལ་འབོད་སྐུལ་འདི་བཞིན་ཁ་བརྡ་དྲ་ནང་དུ་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་གྱིུས་སྤེལ་འདུག་པས་རྒྱུན་མཚན་ལྡན་པ་ཞིག་མཐོང་ནས་འདིར་བསྐྱར་འགོད་ཞུས་པ་ཡིན། །

    Reply
  4. རྒྱ་མཚོ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གིས་འགྲེལ་བཤད་གནང་བ་དེ་རེད། གནས་ཚུལ་ཁ་གསལ་རག་པ་དང་བཀོད་སྤེལ་གནང་ཡོད་པ་དེ་གལ་ཆེན་པོ་རེད། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་དྲ་ཚིགས་གཉིས་ཀྱིས་ཁ་སང་གནས་ཚུལ་འདི་བཀོད་ཡོད། གསར་ཁང་གཉིས་ལ་བཀའ་དྲིན་ཞུ་དགོས་པ་ཞིག་ཆགས་ཡོད།

    བོད་གཞུང་གི་དྲ་ཚིགས་སྟེང་ལ་ལྟོས་དང་། ༼ཟླ་བ་བཅིུག་པ། ཚེས ༥ ༢༠༡༢ དུས་ཚོད ༡༠:༢༨ སྔ་དྲོ།༽དུས་ཚོད་འདིའི་ཐོག་གཞི་ནས་བཀོད་འདུག མ་གཞི་ཁ་སང་གཟའ་ཉི་མ་ལ་བོད་གཞུང་གུང་སེང་རེད། གུང་སེང་ཉིན་གསར་འགྱུར་གང་ཡང་སྤེལ་གྱི་མེད་པ་འདྲ།

    བོད་མི་མང་སྤྱི་འཐུས་ཀྱི་དྲ་ངོས་ན་ད་དུང་ཡང་སླེབས་མི་འདུག སྤྱི་འཐུས་ཚོས་ཁ་ནས་རྫིག་པོ་བཤད་པ་ཙམ་རེད། དོན་ལ་ཙོར་བ་གང་ཡང་ཡོང་གི་མེད་ཚོད་རེད། བོད་ནང་ནས་རང་ལུས་མེར་བསྲེག་གཏོང་གི་ཡོད་པའི་གནས་ཚུལ་ཛ་དྲག་འདི་འདྲའི་སྐབས་ལའང་་ཁྱབ་བསྒྲགས་ཐད་ཐུགས་སྣང་ཁྱོན་ནས་མེད་པ་འདི་བློ་ཕམ་གྱི་གནས་རེད་དྲན།

    Reply
  5. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    དྲ་གྲོགས་བསོད་ཚེ་ལགས།

    ཕྲན་ལ་ཆུ་ཚོད་ ༡༢ སྟེང་ནས་གནས་ཚུལ་གང་ཡང་འབྱོར་མ་སོང་། ཕྲན་གྱི་ཡིག་ཟམ་ཁ་བྱང་ནི་ tseringgysl2008@gmail.com འདི་ཡིན། དེ་བཞིན། ཉིད་ཀྱི་ཞལ་པར་ཡང་འབྱོར་མ་སོང་། ཕྲན་གྱི་ཁ་པར་ཨང་། 91 9882640641 འདི་ཡིན།

    གཞན། གཟའ་ཉི་མའི་ཆུ་ཚོད་ ༡༡ ཙམ་ལ་མདོ་སྨད་རེབ་གོང་དུ་བྱུང་བའི་མེར་བསྲེགས་གནས་ཚུལ་དེ་གོ་ཐོས་བྱུང་སོང་། དེར་བརྟེན། འདི་ག་དྷ་སར་གནས་བཞུགས་རེབ་གོང་གི་མི་སྣ་ཁག་ཅིག་ལ་འབྲེལ་བ་ཞུས་སྐབས། ཁོང་ཚོས་གནས་ཚུལ་ཞིབ་རྒྱས་བསྡུ་སྒྲུག་བྱས་རྗེས་འདི་གར་མཁོ་སྤྲོད་གནང་རྒྱུ་ཡིན་པ་ཞལ་བཞེས་གནང་སོང་སྟབས། ཝེ་ཆ་ཌི་སོགས་ཀྱི་ཐོག་གི་ལ་ཐོས་ལུང་ཐོས་ཀྱི་གནས་ཚུལ་ཐ་ཐོར་དག་སྔ་འདོན་མ་བྱས་པ་ཡིན།

    མཐར། ཉིད་ཀྱིས་ཐུགས་སྣང་དང་བསམ་འཆར་བཏོན་པར་བཀའ་དྲིན་ཆེ་ཞུ། གསར་འགོད་པ་ཚེ་རིང་རྒྱལ་ནས།

    Reply
  6. ཤེས་རབ་བསྟན་འཛིན། says:
    ལོ་ 13 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    ཨོཾ་མ་ཎི་པདྨེ་ཧཱུཾ།
    དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་གྲངས་མེད་ཞུ།

    Reply
  7. ཤར་མདའ། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་མཆོག་ལ་གུས་འདུད་ཞུ།   མ་ཟད་བཀུར་འོས་མི་མང་ཡོངས་ལ་བཀྲིན་ཆེ་ཞུ་འདི་ནི་འུ་ཚོ་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་བ་ཡིན་པ་ངོ་ཤེས་པ་གནང་པ་དེ་དགའ་འོས་པ་ཞིག་རེད་བཀྲིན་ཆེ་ཞུ།

    Reply
  8. བསོད་ཚེ། says:
    ལོ་ 13 སྔོན།

    གསར་འགྱུར་འདི་བྱུང་ནས་དུས་ཚོད་ 12 ་ཙམ་སོང་བའི་རྗེས་སུ་དུས་བབ་དྲ་ཐོག་ལ་གཞི་ནས་བཀོད་སོང་ངོ་ཐབས་སྐྱོ་བོ་རེད། ངས་ད་ནིང་དུས་ཚོད་ཅུ་གཉིས་ཐོག་ཏུ་དུས་བབ་ལ་ཁ་པར་བཏང་བ་ཡིན་ཏེ་རྩོམ་སྒྲིག་པ་ཕྱོགས་སྐྱོད་གནང་གི་འདུག དེ་ནས་རྩོམ་སྒྲིག་ཕྱག་རོགས་ལ་ཁ་པར་ཇི་ལྟར་བཏང་ཀྱང་ཡ་མེད་བཏང་སོང་། སྔོན་མ་བོད་ནང་གི་མེར་སྲེག་གནས་ཚུལ་ཚང་མ་དུས་བབ་སྔ་ཤོས་འཐོན་ཡོང་ས་ཞིག་ཡིན་། ཐུགས་རྗེས་གཟིགས་རྩོམ་སྒྲིག་ཕྱག་རོགས་ཀྱིས་ལས་ཀ་འཐུས་ཤོར་ལ་གཏོང་གི་འདུག

    Reply
  9. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    དྲ་གྲོགས་འཇམ་གཅེས་ལགས། དངོས་གནས་རེད་་ རང་དབང་ལུང་པ་མེད་རུང་ འཛོམས་རྒྱུ་ཧ་ཅང་འཛོམས་འདུག་ རྡ་སའི་མར་མེ་ཁྲོམ་སྐོར་ལ་བལྟོས་དང་ མི་མགོ་བརྒྱ་ཁ་མི་ལོང་གི་

    Reply
  10. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 13 སྔོན།

    སྐུ་པར་དེར་ཕྱག་འཚལ་ཞུ་རྒྱུ་ཙམ་དང་། མིག་ཆུའི་སྐྱེལ་མ་ཞིག་ལས་གང་ཡང་ཞུ་ཕོད་མ་སོང་།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    དཔའ་བོ་ཁོང་ལ་མྱ་ངན་གུས་འདུད་དང་ལྷན་དུ་གསར་འགོད་པ་ལ་ཞུ་རྒྱུར། འོག་གི་དཔའ་རྒོད་ཁོང་གི་མཚན་ལ་རྡོ་རྗེ་དོན་འགྲུབ་ཞེས་འཁོད་པ་དེ་རྡོ་རྗེ་ལྷུན་འགྲུབ་ལ་བཟོ་བཅོས་གནང་རོགས།

    Reply
  12. ཤག་སྒང་པ། says:
    ལོ་ 13 སྔོན།

    ༧པཎ་ཆེན་གློད་རེ་མི་འདུག།

    ༧རྒྱལ་བ་ལོག་རེ་མི་འདུག།

    ༧མེ་མཆོད་མཚམས་རེ་མི་འདུག།

    ༧གངས་ལྗོངས་མེ་ཡིས་མཆེད་སོང་།།

    Reply
  13. འཇམ་གཅེས ། says:
    ལོ་ 13 སྔོན།

    དཔའ་བོ་ཁོང་ལ་རྗེས་སུ་ཡིད་རངས་ཡོད་ལ། འདིར་འདུས་པས་དགེ་འདུན་པ་དང་མི་མང་ཚངས་མ་ལ་སྙིང་ཁོངས་རུས་པས་གཏིང་ནས་ཡིད་རངས་ཞུ། འདི་འདྲ་འདུར་འཛོམས་གནང་ཡ་ལས་སླ་པོ་གང་ནས་ཡིན། བཙན་བྱོལ་བ་ཚོས་གཟིགས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese