མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་དང་བོད་དོན།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་བཀྲིས།    རྡ་རམ་ས་ལ།

རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་རྒྱལ་ཡོངས་ཚོགས་ཆེན་བཅོ་བརྒྱད་པ་དེ། འདི་ཟླའི་ཚེས་  ༨  ཉིན་ནས་སྐོང་འཚོགས་བྱ་བཞིན་ཡོད་ཅིང།  ད་ལྟ་རྒྱལ་ཡོངས་ཀྱི་བརྙན་འཕྲིན་དང།  རླུང་འཕྲིན།  ཚགས་པར།  དུས་དེབ།  དྲ་རྒྱ་སོགས་དྲིལ་བསྒྲགས་ཀྱི་འཕྲུལ་འཁོར་ཡོད་ཚད་སྒོ་ཕྱེ་ནས་ཚོགས་ཆེན་བཅོ་བརྒྱད་པ་བདེ་བླག་ཡོང་ཆེད་དང།  ཐ་ན་བྱིས་པ་ལོ་བརྒྱད་ཀྱིས་ཀྱང་ད་ཐེངས་ཀྱི་ཚོགས་ཆེན་དེར་དོ་སྣང་དང་། མ་མཐར་ཡང་ཀླད་པའི་ནང་བག་ཆགས་ཡོང་ཐབས་བྱེད་ཀྱི་ཡོད།  དེང་སྐབས་རྒྱལ་སྤྱི་དང་རྒྱ་ནང་གང་སར་ཚོགས་ཆེན་དེ་དང་འབྲེལ་བའི་གླེང་ཕྱོགས་སྣ་ཚོགས་ཡོད་ཅིང།  ཕྱོགས་གཅིག་གིས་ད་རེས་ཀྱི་ཚོགས་ཆེན་དེ་བརྒྱུད་གོམས་པ་རིམ་བགྲོད་ཀྱིས་ཞི་ཅིན་ཕེན་གཙོ་བོ་བྱས་པའི་མི་རབས་ལྔ་པའི་དབང་འཛིན་པའི་དཔུང་ཁག་གིས་རྒྱ་ནག་ནང་ལོ་རྒྱུས་རང་བཞིན་གྱི་དམངས་གཙོའི་གོམས་སྟབས་ཆེན་པོ་ཞིག་སྤོ་སྲིད་པའི་ངོས་འཛིན་བྱེད་མཁན་ཡོད་པ་དང།  ཡང་རིགས་འགའ་ཤས་ཀྱིས་ཚོགས་ཆེན་དེ་བརྒྱུད་ནས་རྒྱ་ནག་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་སོགས་ལའང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་རྒྱུའི་རེ་སྒུག་བྱེད་མཁན་ཡང་ཡོད།  བཙན་བྱོལ་བོད་མི་ནི་རེ་སྒུག་དེ་ལྟར་བྱེད་མཁན་གྱི་གྲས་ཤིག་རེད།

དང་པོ།   མི་རབས་ལྔ་པའི་དབང་འཛིན་དཔུང་ཁག

ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ད་ལྟའི་ལས་ཐོག་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་དང།  སྲིད་བློན་གཞོན་པ་ལིས་ཁི་ཆཱང་ཕུད་པའི་དེ་མིན་ཚང་མ་རྒན་ཡོལ་འགྲོ་གི་ཡོད་པར་བརྟེན།  མི་རབས་ལྔ་པའི་དབང་འཛིན་པའི་དཔུང་ཁག་ནང་མི་སྣ་ག་ཚོད་བསླེབ་ཀྱི་ཡོད་པ་དང་།  སུ་ཞིག་བསླེབ་ཀྱི་ཡོད་མེད་ཀྱི་གནད་དོན་དེར་དོ་སྣང་དང་། དེའི་ཐད་མི་སྣ་མང་པོ་ཞིག་གིས་ཚོད་དཔག་སྣ་ཚོགས་བྱེད་ཀྱི་ཡོད་ཅིང།  ཞི་ཅིན་ཕེན་དང་ལིས་ཁི་ཆཱང་གཉིས་ཀྱི་ཐད་རྩོད་པ་དེ་ཙམ་མེད་པ་ལས།  དེ་མིན་གྱི་མི་སྣ་ཞན་དག་སུ་ཞིག་སླེབས་མིན་ཐད་རྩོད་པ་རྒྱག་གི་ཡོད།  ང་རང་གི་ལྟ་ཚུལ་ལྟར་ན་ཞི་ལིས་གཉིས་ཕུད་པའི་དེ་མིན་ལི་ཡོན་ཁྲའོ་དང།  ཀྲང་ཏིག་ཅང།  ཝང་ཡང །  ཝང་ཆིས་ཧྲན།  ཡུས་ཀྲན་ཧྲན།  ལེའུ་ཡུན་ཧྲན།  ཀྲང་ཀའོ་ལིན་བཅས་རེད།  གལ་ཏེ།  མི་བདུན་ལ་ཉུང་འཕྲི་བྱས་པའི་དབང་དུ་བཏང་ན།  དྲིལ་བསྒྲགས་དྲུང་ཆེ་ལེའུ་ཡུན་ཧྲན་དང་།  ཐན་ཅིང་དམར་ཤོག་དྲུང་ཆེ་ཀྲང་ཀའོ་ལིན་ཕྱིར་འབུད་རྒྱུའི་ཉེན་ཁ་ཡོད།   ཡང་མི་མང་པོས་ད་ལྟའི་མི་དགུ་ནས་མི་བདུན་ལ་ཉུང་འཕྲི་བྱས་ཏེ།  དབུས་སྲིད་ཁྲིམས་ལྷན་ཁང་དང་དྲིལ་བསྒྲགས་ལྷན་ཁང་གཉིས་ཁུ་བསྡུ་བྱ་རྒྱུ་ཡིན་པ་དང།  དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་པ་མ་ཟད།  པའོ་ཞི་ལའེ་གཏོར་ཕམ་བཏང་བ་དེ་ནི་དཔེ་མཚོན་ཞིག་དང་།  ཧུའུ་ཅིན་ཐའོ་དང་ཝུན་ཅཱ་པའོ་ཡིས་སྣེ་ཁྲིད་བྱས་པའི་བསྒྱུར་བཅོས་ཤོག་ཁག་གི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  ཡང་སྙིང་རྒྱ་ནག་ནང་འབྱུང་འགྱུར་མི་རྣམས་ཀྱིས་རེ་བའི་ཚོད་དཔག་ལྟ་བུའི་བཟང་ཕྱོགས་ཀྱི་འགྱུར་བ་དེ་འདྲ་ཞིག་ཡོང་སྲིད་དམ།  ཞེ་ན།  གཙོ་ཆེ་ཤོས་དེ་འབྱུང་འགྱུར་ལོ་ལྔའམ་བཅུའི་ནང་རྒྱ་ནང་དང་རྒྱལ་སྤྱིའི་འགྱུར་ལྡོག་སོགས་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པས།  འདི་ལྟར་ཡོང་གི་རེད་།  འདི་ལྟར་ཡོང་གི་མ་རེད་ཅེས་སུས་ཀྱང་ལུང་བསྟན་བམ་པོ་ཞིག་རྒྱག་མི་ཐུབ།  ཡིན་ནའང།  དམར་ཤོག་རང་ངོས་ནས་བཤད་ན་མི་རྣམས་ཀྱིས་རེ་བ་བྱས་པ་ལྟ་བུའི་འགྱུར་བ་དེ་འདྲ་ཞིག་གཏོང་མི་སྲིད།

རྒྱ་ནག་གཞུང་གི་བཤད་སྟངས་ལྟར་བྱས་ན།   བརྟན་ལྷིང་དང་འཕེལ་རྒྱས་ནི་ལྟེ་བའི་གནད་དོན་ཡིན་པ་དང།  འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ཡོང་ཐབས་བྱེད་དགོས་པ་དང།  བརྟན་ལྷིང་གི་ཁོར་ཡུག་ཞིག་མེད་ན་འཕེལ་རྒྱས་ཡོང་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད།   རྒྱ་ནང་གི་བརྟན་ལྷིང་དང་བདེ་འཇགས་ཀྱི་གནད་དོན་ཡིན་ནའང་འདྲ།   རྒྱལ་སྤྱིའི་མཚན་སྙན་གྱི་ཐོག་ནས་བཤད་ནའང་འདྲ་།   སྲིད་ཁྲིམས་ལྷན་ཁང་དང་དྲིལ་བསྒྲགས་ལྷན་ཁང་གཉིས་ནི་ལྷན་ཁང་གཞན་དག་ལས་དགོས་མཁོ་ཆེ་བ་མེད་ནའང་ཆུང་བ་མེད།  བརྟན་ལྷིང་དང་བདེ་འཇགས་ཀྱི་འགྲོ་སོང་དེ་རྒྱལ་སྲུང་གི་འགྲོ་སོང་ལས་མང་བ་གཏོང་དགོས་པའི་ཚད་ལ་བསླེབས་ཟིན་པས།  འདི་ལྟ་བུའི་གཉན་འཕྲང་ཆེ་བའི་སྐབས་སྲིད་ཁྲིམས་ལྷན་ཁང་ཁུ་བསྡུ་བྱ་རྒྱུའི་གནད་དོན་དེ་བས་ཀྱང་ཡོང་མི་སྲིད།   ཅི་སྟེ་ལྷན་ཁང་དེ་གཉིས་ཁུ་བསྡུ་བྱས་པའི་དབང་ཏུ་བཏང་ནའང།  དེ་ནི་ཐབས་བྱུས་རང་བཞིན་གྱི་རྣམ་པ་ཞིག་སྟེ།  ཕྱི་ཡི་རྣམ་པ་འགྱུར་བ་ལས་ནང་གི་ངོ་བོ་འགྱུར་མི་སྲིད་ལ།  མི་ལ་འགྱུར་བ་བཏང་བ་ཙམ་ལས་སྲིད་ཇུས་ལ་འགྱུར་བ་ཡོང་མི་སྲིད།

 དཔེར་ན།  བོད་ཚུད་པའི་གྲངས་ཉུང་མི་རིགས་ཙམ་མ་ཟད།  རྒྱ་ནག་ནང་ཁུལ་གྱི་ཞིང་ཆེན་དང།  གྲོང་ཁྱེར།  ས་གནས་གང་སར་སྤྱི་ཚོགས་བརྟན་སྲུང་གི་ཚན་པ་དང་ལས་ཁུངས་རྒྱ་སྐྱེད་བྱེད་བཞིན་པའི་སྒང་ཡིན་པ་ལས་ཁུ་བསྡུ་བྱེད་པའི་དུས་ཚོད་མ་རེད།   དཔེར་ན།  སྤྱི་ལོ  ༢༠༡༡  ལོར་བོད་གཅིག་པུར་ཉེན་རྟོག་ས་ཚིགས་  ༡༣༤  གསར་འཛུགས་བྱས་ཡོད་པ་དང།  དེ་མིན་གྱི་གཞིས་རྩེ་དང།  ལྷོ་ཁ།  ནག་ཆུ།  ཉིང་ཁྲི།  ཆབ་མདོ།  མངའ་རིས་བཅས་ཀྱི་ནང་ ༦༧༦ གསར་འཛུགས་བྱ་རྒྱུའི་འཆར་གཞི་ཡོད།  ཐ་ན་ད་ལྟའི་དུས་སྐབས་སུ་རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་གཅིག་པུའི་ནང་ས་གནས་བདེ་སྲུང་གི་མི་སྣ་ཁྲི་ཚོ་  ༡༤༠ ལྷག་ཙམ་འགྲེམས་འཇོགས་བྱས་ཡོད་པ་མ་ཟད།  པེ་ཅིང་གྲོང་མིས་ཁང་པའི་སྒེའུ་ཕྱེ་མི་ཆོག་པ་དང།  ཚལ་འཚོང་མཁན་ཚོས་ཚལ་གྲི་ཉར་མི་ཆོག་པ།  རླང་འཁོར་གྱི་སྒེའུ་ཁུང་ཕྱེ་མི་ཆོག་པ།  ཁྲོམ་རྭའི་ཐོག་ཕྲུ་གུའི་རྩེད་ཆས་ཀྱི་གནམ་གྲུའི་རིགས་ཀྱང་འཚོང་མི་ཆོག་པ་བཅས། ད་ལྟའི་བ་ཉལ་སྟངས་ལ་བལྟས་ན་འབྱུང་འགྱུར་བེའུ་གང་འདྲ་ཞིག་སྐྱེ་སྲིད་པ་ཤེས་ཐུབ།

གནད་དོན་གཞན་ཞིག་ནི་དྲིལ་བསྒྲགས་ལས་དོན་རེད།   རྒྱ་ནག་དམར་ཤོག་ཚོགས་པའི་གསར་བརྗེ་དང་།  འཛུགས་སྐྲུན།  བསྒྱུར་བཅོས་བཅས་ཀྱི་ནང་དྲིལ་བསྒྲགས་ལས་དོན་ཀྱིས་ནུས་པ་ངེས་ཅན་ཞིག་ཐོན་ཡོད་ལ།  རྒྱ་ནག་དམར་ཤོག་ཚོགས་པ་ད་བར་གནས་ཐུབ་པ་དེ་ནི་ཕྱོགས་གཅིག་ནས་དྲིལ་བསྒྲགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་ལ།   དེར་རྒྱུ་མཚན་ཡང་ངེས་ཅན་ཞིག་ཡོད།   གཞུང་འབྲེལ་གྱི་བརྙན་འཕྲིན་དང།  རླུང་འཕྲིན།  ཚགས་པར།  དུས་དེབ།  དྲ་རྒྱ་ཙམ་མ་ཟད།  ཟློས་གར་དང།  རོལ་དབྱངས།  སྒྱུ་རྩལ།  གཏམ་བརྗོད།  གློག་བརྙན་སོགས་རིག་གནས་ཀྱི་ཁྱབ་ཁོངས་ཚང་མ་དྲིལ་བསྒྲགས་ལས་དོན་གྱི་ཁྱབ་ཁོངས་ཡིན་པ་དང།  ཁོང་ཚོས་སོ་སོའི་ལས་རིགས་མི་འདྲ་བ་དང་ངོ་བོ་མི་འདྲ་བའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པར་སྲུང་སྐྱོབ་བྱེད་དགོས་པ་སྟེ།  རྩོམ་པ་པོ་ཞིག་ཡིན་ན་རང་གི་རྩོམ་ཡིག་གི་ལམ་ནས་དམར་ཤོག་ཚོག་པར་བསྟོད་ཚིག་འབྲི་དགོས་པ་དང།   གཞས་པ་ཞིག་ཡིན་ན་རང་གི་སྙན་འཇེབས་ལྡན་པའི་གླུ་དབྱངས་ལ་བརྟེན་ནས་དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས་པ།   རི་མོའི་སྒྱུ་རྩལ་མཁན་ཞིག་ཡིན་ན་རང་གི་ལག་པའི་པིར་རྩལ་ལ་བརྟེན་ནས་དམར་ཤོག་ཚོགས་པར་བསྟོད་གླུ་ལེན་པའི་རི་མོ་འབྲི་དགོས་པ།  དགོད་བྲོའི་གཏམ་བརྗོད་མཁས་པ་ཞིག་ཡིན་ཚེ།   རང་གི་ལུས་ངག་ཡིད་གསུམ་གྱི་སྒྱུ་རྩལ་ལ་བརྟེན་ནས།   དམར་ཤོག་ཚོགས་པར་བསྟོད་བསྔགས་ཀྱི་གཏམ་བརྗོད་འཁྲབ་སྟོན་བྱེད་དགོས་པ་སོགས་ལུས་ངག་ཡིད་གསུམ་གྱིས་དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས། 

དེའི་རྐྱེན་གྱིས་དྲིལ་བསྒྲགས་ལྷན་ཁང་ནི་ཞི་བའི་ཐབས་ལ་བརྟེན་ནས་དམར་ཤོག་སྲུང་སྐྱོབ་བྱེད་མཁན་དང།  སྲིད་ཁྲིམས་ལྷན་ཁང་ནི་དྲག་ཤུགས་ལ་བརྟེན་ནས་དམར་ཤོག་སྲུང་སྐྱོབ་བྱེད་མཁན་ཞིག་རེད།  ཞི་དྲག་ཟུང་འབྲེལ་གྱི་མ་ལག་དེ་གཉིས་མེད་ན།  དམར་ཤོག་ཚོགས་པའི་ལས་དབང་དེ་ད་ལྟ་གནས་སྟངས་གཞན་ཞིག་ཡིན་སྲིད་ལ།  ད་བར་རྒྱུན་གནས་ཐུབ་པ་དེ་ཡང་ཞི་དྲག་གི་མ་ལག་དེ་གཉིས་དང་འབྲེལ་བ་ཡོད།  རྒྱལ་ཡོངས་རང་བཞིན་གྱི་དྲིལ་བསྒྲགས་ཀྱི་འཕྲུལ་ཆས་དག་སྒོ་ཕྱེ་བ་ཙམ་གྱིས་རྒྱ་ནག་གི་གནམ་སའི་ཁྱོན་ལ་དམར་ཤོག་ཚོགས་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྟ་བུའི་གཟུགས་བརྙན་ཞིག་བསྐྲུན་ཐུབ་ཀྱི་ཡོད་ལ།  མི་སྣ་མང་པོ་ཞིག་ཀྱང་རྣམ་པ་འདྲ་མིན་གྱིས་དམར་ཤོག་ལ་བསྟོད་གླུ་ལེན་པའི་གསར་བརྗེའི་བྱེད་སྒོའི་ནང་བློ་འགུག་ཐུབ་ཀྱི་ཡོད།  དེའི་རྐྱེན་གྱིས་མི་བདུན་ལ་ཉུང་འཕྲི་བྱས་ཏེ་དབུས་སྲིད་ཁྲིམས་ལྷན་ཁང་དང་དྲིལ་བསྒྲགས་ལྷན་ཁང་གཉིས་ཁུ་བསྡུ་བྱས་པའི་དབང་དུ་བཏང་ནའང།  ཞི་དྲག་ཟུང་འབྲེལ་གྱི་མ་ལག་ལྡན་པའི་ལམ་ལུགས་དེ་གཉིས་ཁུ་བསྡུ་བྱེད་མི་སྲིད་པར།  དེ་ལས་ལྡོག་ཏེ་དེའི་སྔར་ཡོད་ཀྱི་ནུས་པ་ཆེ་རུ་གཏོང་ངེས་རེད།

གཉིས་པ།  འཐབ་རྩོད་དང་མཉལ་ལས།

དམར་ཤོག་རྒྱལ་ཁབ་མང་པོ་ཞིག་འཐོར་བཤིག་སོང་ཡོད་ཀྱང།  རྒྱ་ནག་དམར་ཤོག་ཚོགས་པ་ད་དུང་ཡང་འཐོར་བཤིག་ཕྱིན་མེད་པར་དེ་ལས་ལྡོག་སྟེ་དེའི་ཤུགས་རྐྱེན་གྱི་ནུས་པ་ཆེ་རུ་འགྲོ་ཐུབ་པ་ནི།  གོང་གི་ཞི་དྲག་ཟུང་འབྲེལ་གྱི་ཐབས་བྱུས་དེ་གཉིས་ཕུད།  ད་དུང་གལ་ཆེའི་གནད་དོན་གཞན་ཞིག་ནི།  རྒྱ་ནག་གཞུང་གིས་ཚོགས་པ་གཅིག་གིས་སྲིད་དབང་སྒེར་གཅོད་བྱས་ཡོད་ཀྱང།  སྲིད་འཛིན་དང།  སྲིད་བློན།  གྲོས་ཚོགས་ཀྱི་ཚོགས་གཙོ་ཙམ་མ་ཟད།  ཁོང་ཚོའི་ལས་རོགས་ཀྱི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་སྣ་ཚང་མ་དུས་ཡུན་ལོ་ལྔའི་ཐོག་བརྗེ་རེས་བྱེད་པའི་ལམ་ལུགས་གསར་འཛུགས་བྱས་པ་དེས།   མི་གཅིག་གིས་ཚེ་གང་མགོ་ཁྲིད་བྱེད་པའི་དཀའ་ངལ་སེལ་ཐུབ་པ་མ་ཟད།  དེ་ཡང་ལོ་ན་  ༦༨  ཡན་རྒྱལ་ཁབ་ཀྱི་སྲིད་འཛིན་ཙམ་མ་ཟད།  དབུས་རྒྱུན་ནང་འགྲོ་མི་ཆོག་པའི་གཏན་འབེབས་བཟོས་པ་དེས་ལོ་ན་རྒས་དྲགས་པའི་དབང་གིས་འབྱུང་སྲིད་པའི་དཀའ་ངལ་དང་ལས་འཛོལ་ལས་གཡོལ་ཐུབ་ཀྱི་ཡོད།  གནད་དོན་འདིས་རྒྱ་ནག་མི་མང་གི་ཁྲོད་དུ་དམངས་གཙོའི་ལམ་ལུགས་ལག་ལེན་བྱས་པའི་ཚོར་སྣང་སྐྲུན་གྱི་ཡོད་པ་མ་ཟད།  དེ་ཡང་ལོའི་ཚད་གཞི་དང་དུས་ཚོད་ཀྱི་ཚད་གཞི་གཏན་འབེབས་བྱས་པ་དེས་དེ་བས་ཀྱང་མི་མང་གི་བསམ་བློའི་ནང་གསར་གཏོད་ཀྱི་བག་ཆགས་བསྐྲུན་གྱི་ཡོད།

དེ་དང་ཆབས་ཅིག་ཏུ་ད་ཡོད་ཀྱི་རྒྱུན་ལས་མི་སྣ་ཚང་མའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྱུང་ཁུངས་གཅིག་པ་ཡིན་པའི་ཁར།  ཁོང་ཚོའི་ཐུན་མོང་གི་ཁེ་ཕན་ཡང་སྡིངས་ཆ་གཅིག་གི་ཐོག་ལ་གནས་ཡོད་ཅིང།  སྡིངས་ཆ་དེ་ཤོར་ན་སྡིངས་ཆ་གཞན་ཞིག་གི་ཐོག་ནས་ཁེ་ཕན་ལེན་ས་མེད་པ་མ་ཟད།  ཐ་ན་སོ་སོའི་ནང་མི་བུ་ཕྲུག་གི་ཁེ་ཕན་ཡང་སྡིངས་ཆ་དེ་རང་གི་ཐོག་གནས་ཡོད་པར་བརྟེན།  ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་གཙོ་བོ་དང་བསམ་ཚུལ་མི་མཐུན་པ་ཕལ་པ་ཙམ་རེད།   ཅི་སྟེ་སྡིངས་ཆ་དེ་ཤོར་ན་རང་ཉིད་ཀྱི་ཁེ་ཕན་ཤོར་བ་ཙམ་མ་ཟད།  རང་གི་ཚེ་སྲོག་བདེ་འཇགས་ལའང་ཉེན་ཁ་ཡོད་པར་བརྟེན།   སྡིངས་ཆ་དེའི་དོན་དུ་བློས་གཏོང་ག་རེ་ཡིན་ནའང་བྱེད་སྲིད།  པའོ་ཞི་ལའེ་གཏོར་ཕམ་བཏང་དེ་ནི་དཔེ་མཚོན་ཡག་ཤོས་ཞིག་རེད།  པའོ་ཞི་ལའེ་གཏོར་ཕམ་གཏོང་རྒྱུར་ཧུའུ་ཅིན་ཐའོ་དང་ཝན་ཅཱ་པའོ་ཡིས་འཛེམ་ཟོན་གང་ཡང་བྱས་མེད་ལ།  ཐ་ན་ཁོ་པའི་ཕྱོགས་གཏོགས་ཅང་ཙེ་མཱེན་དང་ཀྲིག་ཡུང་ཁཱང་གིས་ཀྱང་པའོ་ཞི་ལའེ་སྲུང་སྐྱོབ་བྱ་རྒྱུ་དང།  དམར་ཤོག་སྲུང་སྐྱོབ་བྱ་རྒྱུ་གཉིས་ཀྱི་ནང་ནས་དམར་ཤོག་སྲུང་སྐྱོབ་བྱ་རྒྱུ་གཙོ་བོར་བཞག་ཡོད་པ་དེ་ཁོ་ནས་ཀྱང་ར་སྤྲོད་བྱས་ཡོད།  དམར་ཤོག་ཚོགས་པ་ནི་ཁོང་ཚོའི་ཚེ་སྲོག་གི་བརྟེན་ས་ཡིན་པ་དང།  དམར་ཤོག་འཆི་ན་ཁོ་ཚོ་རང་ཉིད་ཀྱང་འཆི་ལམ་དུ་འགྲོ་གི་ཡོད།  དེའི་རྐྱེན་གྱིས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འཐབ་རྩོད་ཇི་ཙམ་ཡོད་ཀྱང།  ཁོང་ཚོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་ཐད་འཛེམ་ཟོན་གང་ཡང་བྱེད་མི་སྲིད།

རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་ཁོང་ཚོས་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད།  ཁ་གཏད་ཀྱི་ཚོགས་པ་མེད་པར་བརྟེན།  མི་སྣ་དགུ་བོ་ཙམ་མ་ཟད་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ཚང་མ་རྡོག་རྩ་ཆིག་སྒྲིལ་ཐུབ་ཀྱི་ཡོད་སྟབས།  སྟོབས་ཤུགས་ཁ་འཐོར་འགྲོ་བའི་གནས་ཚུལ་སྔོན་འགོག་བྱུང་ཡོད།  དམངས་གཙོའི་ནང་མ་མཐར་ཡང་ཆབ་སྲིད་ཀྱི་ཚོགས་པ་གཉིས་སམ་གསུམ་དང་།  ཐ་ན་བཞི་ལྔ་སོགས་ཡོད་པའི་དབང་གིས་འབྱུང་སྲིད་པའི་གནས་ཚུལ་གཅིག་ནི། ཚོགས་པ་ཕན་ཚུན་དང་ཤོག་ཁག་ཕན་ཚུན་དབར་ཁེ་ཕན་འཕྲོག་རེས་དང་མཚན་སྙན་རྩོད་རེས་ཀྱི་ཆེད་ཕན་ཚུན་སྐྱོན་མེད་སྐྱོན་འདོགས་བྱེད་པའི་གནས་ཚུལ་རྟག་ཏུ་འཕྲད་མུས་ཡིན་པ་དང།  ཐ་ན་སོ་སོའི་ཤོག་ཁག་གི་མི་མང་བེད་སྤྱོད་བྱས་ཏེ་གང་སར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་པའི་གནས་ཚུལ་ཐོན་མུས་རེད།  གཞུང་འཛིན་ཚོགས་པས་དྲང་བཞག་ལུགས་མཐུན་གྱི་སྲིད་ཇུས་ཇི་འདྲ་ཞིག་ལག་སྟར་བྱས་ནའང།   ཁ་གཏད་ཚོགས་པས་སྐྱོན་མེད་སྐྱོན་འདོགས་དང།  ཐ་ན་གཞུང་འཛིན་ཚོགས་པའི་ལས་གཞིའི་གོ་རིམ་དཀྲུག་པ་སོགས་རྒྱལ་ཁབ་ཀྱི་ལས་དོན་ལ་བར་ཆད་ཡོང་བ་དེ་ཡང་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད།  གནས་ཚུལ་འདི་རིགས་ཀྱི་ཐོག་ནས་བལྟས་ན་བོད་དོན་འཐབ་རྩོད་ཀྱི་ལས་དབང་དེ་སྔར་བཞིན་རབ་རིབ་ཀྱི་སྣང་བ་ཙམ་ལས་མེད།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 16

  1. ངས་པོ་རྒྱལ་མཚན། says:
    ལོ་ 13 སྔོན།

    མཁྱེན་ལྡན་རྣམ་དཔྱོད་ཡངས་པའི་ཉམ་ཞིབ་པ་ཟླ་བ་བཀྲིས་ལགས་ཀྱི་རྒྱ་ནག་གི་སྐོར་ལ་སྤྱི་ཡོངས་ནས་དཔྱད་གཅོད་ཧ་ཅང་གི་ཡག་པོ་ཞེ་དྲག་བྲིས་འདུག འདིར་རྒྱ་ནག་ཐོག་ལ་ཉམ་ཞིབ་པ་ཁྱེད་ལྟ་བུ་ཉི་མོའི་སྐར་མ་དང་མཚུངས། ཁྱེད་ཀྱིས་མུ་མཐུད་ནས་དེ་ལྟར་སྤེལ་རོགས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ད་ལྟའི་རྒྱའི་དམར་གཞུང་ནང་ལ་གུང་བྲན་ཏང་པ་ཁྱོན་སྡོམ་མི་གྲངས་༨༢ ༠༠༠ ༠༠༠ ས་ཡ་བརྒྱད་ཅུ་གྱ་གཉིས་ཡོད་པ་བཤད་འདུག་པས། དེའི་ནང་ལ་བོད་རིགས་ཁ་གྲངས་ག་ཚོད་ལོངས་ཡོད་དམ། འདིའི་གྲངས་ཚད་འདི། སུའི་གསུང་ཐུབ་བམ། ལགས།

    Reply
  3. བཙན་ནག་པས། says:
    ལོ་ 13 སྔོན།

    རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་རྒྱུན་རིམ་དང་། ཚོགས་ཆེན་དབུ་འཛུགས་མཛད་སྒོའི་གཏམ་བཤད་སོགས་ལ་བལྟས་པ་ཡིན་ན་གྲོས་མོལ་ལམ་ནས་བོད་པ་ཚང་གི་སྡུག་ངལ་སེལ་རྒྱུར་ད་དུང་མི་ལོ་བཞི་བཅུ་ལྔ་བཅུ་ལྷག་རྒྱུ་རེད་བསམ། འོན་ཀྱང་་་་་་་་་་་་་་་་་་་་་་་་་

    Reply
  4. བཙན་ནག་པས། says:
    ལོ་ 13 སྔོན།

    ང་ཚོའི་དགྲ་བོ་ནི་རྒྱ་ནག་དམར་པོ་ཡིན་པས་རྒྱ་ནག་གི་ཆབ་སྲིད་ཀྱི་གསང་གནད་ང་ཚོས་ཤེས་པ་བྱ་རྒྱུ་ནི་དོན་དམ་གྱི་གལ་གནད་ཤིན་ཏུ་ཆེ་བས་རྩོམ་པ་པོར་རྒྱ་ནག་གི་བསྐོར་མང་ཙམ་དྲྭ་ཐོག་སྤེལ་རོགས་བྱེད་ཐུགས་རྗེ་ཆེ་ཞུ།

    Reply
  5. དབུས་ཕྲུག་ཚེ་རིང་། says:
    ལོ་ 13 སྔོན།

    ལྟ་ཚུལ་མི་མཐུན་པ་རེ་གཉིས་འདུག་ཀྱང་། སྤྱི་ཡོངས་ནས་ཚིག་ཚོགས་ཉུང་ཞིང་། དོན་མང་བ་ཧ་ཅང་ཞིབ་འབྲི་ཡག་པོ་བྱས་འདུག ད་དུང་ཡང་རྒྱ་ནག་དཔྱད་ཞིབ་ཀྱི་རྩོམ་ཡིག་འདི་རིགས་རྣ་བ་ཀྲོང་ངེར་རེ་སྒུག་བྱེད་ཀྱིན་ཡོད།

    Reply
  6. གནམ་ལྕགས། says:
    ལོ་ 13 སྔོན།

    ཁ་ཉིན་དགྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་མ་འཚོགས་སྔོན་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། ད་ཐེངས་ཀྱི་ཚོགས་ཆེན་ཐོག་བོད་དོན་ཤུགས་ཆེར་གླེང་རྒྱུའི་རེ་བ་ཡོད་སྐོར་གསུང་སོང་། དྲ་གྲོགས་རྣམས་ཀྱིས་ལྟོས་དང་། དགྱ་ནག་གྲོགས་ཚོགས་དེ་རྒྱ་གར་གྲོས་ཚོགས་ལྟ་བུ་ཞིག་སྟེ། སུ་ཞིག་གིས་ཅི་ཞིག་གླེང་འདོད་པ་དེ་བཤད་ཆོག་པ་ཞིག་རེད་དམ། དགྱ་ནག་གི་གྲོས་ཚོགས་དེ་གཏོར་མ་དང་གཅིག་པ་རེད། ཕར་བཤམས་འཇོག་རྒྱུ་མ་གཏོགས་ཐ་ན་འགུལ་དཀྱོགས་ཙམ་ཡང་བྱེད་མི་ཆོག་ས་ནས་བོད་དོན་གླེང་ཕོད་མཁན་དང་གླེང་ས་ཞིག་གང་ན་ཡོད། མདོ་དོན་ངས་བཤད་འདོད་པ་བཙན་བྱོལ་གྱི་སྐུ་ངོ་འདི་དག་གིས་དགྱ་ནག་གི་སྐོར་ལ་རྒྱུས་མངའ་མེད་པའི་རྟགས་རེད་ཟེར་འདོད། རེ་བ་འཛིན་པ་ལས་དེ་ལས་ལྡོག་ནས་མཐོང་ཆུང་གི་སྐད་ཆ་ཞིག་བཤད་ན་དེས་ཉམས་ཆེ་ཡི་རེད། ཕར་ཕྱོགས་དགྱ་ནག་གི་ངོས་ནས་དགད་མོ་ལང་ནས་བསྡད་ཡོད་ངེས། དེའི་སྟབས་ཀྱིས་དགྱ་ནག་ཉམས་ཞིབ་པ་ཟླ་བ་བཀྲིས་ལྟ་བུས་འདི་ལྟར་དགྱ་ནག་གི་ཚད་ལྡན་དཔྱད་བརྗོད་པ་ཚོ་ལས་བརྒལ་བའི་དཔྱད་གླེང་གནང་བ་འདི་ངས་བལྟས་ན་ཡག་གི་འདོད། རང་རེའི་སྤྱི་ཚོགས་ལ་འདི་ལྟ་བུ་ངེས་པར་དུ་མཁོ་བར་འདོད།

    Reply
  7. གཙང་ཕྲུག་སྟོབས་ལགས། says:
    ལོ་ 13 སྔོན།

    ང་ཚོར་ཆེས་དཀོན་པ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ལ་ཞིབ་འཇུག་ཕུགས་རྩ་འཕེར་བ་གནང་མཁན་མེད་པ་དེ་རེད། དགྲ་བོ་ལས་རྣམ་པར་རྒྱལ་དགོས་ན། དགྲ་བོའི་ཆབ་སྲིད་ཀྱི་ལམ་ལུགས་དང་གནས་ཚུལ་ཤེས་དགོས། དེར་བརྟེན། ཟླ་བ་བཀྲ་ཤིས་ལགས་ནས་ཞིབ་ཚགས་པའི་ཉམས་ཞིབ་དང་། རང་གི་ལྟ་ཚུལ་གསུང་པ་དེས་བདག་ལ་དྲི་རྟགས་ཤིག་བཀོད་སོང་། ངས་རྒྱ་ནག་གི་ཆབ་སྲིད་ལ་དོ་སྣང་བྱེད་རྒྱུ་ཆུང་དྲགས་འདུག ངས་ཨོའོ་བྷའི་རྒྱབ་ལྗོངས་ལས་ཞི་ཆིན་ཕིང་གི་རྒྱབ་ལྗོངས་མ་རྩད་པ་དེ་རྦད་དེ་ནོར་འདུག ངས་ཁ་ནུབ་ལ་གཏད་དེ་བོད་དོན་རྩོད་པ་ལས་ཁ་ཤར་ལ་གཏད་དེ་བོད་དོན་མ་རྩོད་པ་དེ་ནོར་འདུག

    Reply
  8. གངས་ཆབ། says:
    ལོ་ 13 སྔོན།

    ཟླ་བ་བཀྲིས་ལགས་ཀྱིས་གོ་རིམ་ལྡན་པའི་ཐོག་ནས། དྲང་བདེན་དང་དངོས་ཡོད་ལ་གཞིག་ནས་དཔྱད་བརྗོད་ལེགས་པོ་ཞིག་སྤེལ་གནང་འདུག རྗེས་ཕྱོགས་མང་ཙམ་སྤེལ་གནང་ཡོང་བར་དགའ་བསུ་ཞུ།

    Reply
  9. ནད་པ says:
    ལོ་ 13 སྔོན།

    རྩོམ་ཡིག་དཔེ་ཡག་པོ་བྲིས་འདུག བསྔགས་བརྗོད་ཡོད། རྒྱ་ནག་གིས་བོད་དང་བོད་རིགས་ཟེར་བའི་གནས་བབ་སྔ་ཕྱི་གཉིས་སུ་ཤེས་རྟོགས་ཐུབ་ཡོད།

    འོན་ཀྱང་བོད་དང་བོད་རིགས་ཚོས་ད་དུང་ཡང་རྒྱ་ནག་དང་རྒྱ་རིགས་ཟེར་བའི་གནས་བབ་དེ་ངེས་ཤེས་ཐུབ་མེད།

    ཏང་གི་ཚེ་སྲོག་དང་ལས་དབང་ལ་ཐུག་པའི་ཆེས་གལ་འགངས་ཆེ་བའི་ཚོགས་འདུའི་དུས་སྐབས་དེར་པེ་ཅིང་དུ་བདེ་འཇགས་མི་སྣ་ཁྲི་ ༡༤༠ ལྷག་འགྲེམ་འཇོག་བྱེད་པའི་དུས་དེར་བོད་ནས་རང་ལུས་མེར་བསྲེགས་གཅིག་ནས་བཅུ་དང་། ཉི་ཤུ། བརྒྱ། ཐ་ན་སྟོང་གཅིག་གི་ཚེ་སྲོག་བློས་གཏོང་བྱས་ཀྱང་པེ་ཅིང་སྲིད་གཞུང་གིས་ངོས་ནས་བཤད་ན་དུག་སྦྲང་འགའ་ཤས་ཤིག་ཤི་བའི་སྣང་བ་ཙམ་ལས་མེད།

    ཕྱི་ནང་བོད་རིགས་ཚང་མས་འགག་རྩའི་གནད་དོན་སྐབས་ངེས་པར་བསམ་བློ་གཏོང་ཐུབ་པ་བྱེད་དགོས། བོད་མདོ་དབུས་ནས་མིའི་ཚེ་སྲོག་འཕང་མེད་དུ་གཏོང་བཞིན་པ་དེར་བསམ་བློ་གཏོང་དགོས།

    གལ་ཏེ་བོད་དང་བོད་དོན་ཆེད་ངེས་པར་ཤི་དགོས་ན་བོད་དབུས་གཙང་དང་། མདོ་སྟོད་སྨད་ཙམ་མ་ཤད་ཕྱི་སྡོད་བོད་རིགས་ཚོས་ཀྱང་ཚེ་སྲོག་མུ་མཐུད་བློ་གཏོང་བྱེད་དགོས།

    དེ་མིན་ཁམས་པ་དང་ཨ་མདོ་ཁུལ་གཅིག་པུ་ནས་ཚེ་སྲོག་བློས་གཏོང་འདི་འདྲ་བྱས་ན་མཐར་སྡུག་གྱོང་ལས་རག་རྒྱུ་མེད་ན་བོད་དང་བོད་རིགས་ཀྱི་ལས་དབང་དེ་དེ་ཡང་མཐའ་མ་རང་སྡུག་རང་མྱོང་ཙམ་ཆགས་རྒྱུ་རེད།

    Reply
  10. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    ང་ཚོར་འདི་ལྟ་བུའི་ཉམས་ཞིབ་པ་དང་དཔྱད་བརྗོད་པ་ཤིན་ཏུ་མཁོ་ཨང་། ང་ཚོའི་ཁ་གཏད་ནི་རྒྱ་ནག་དམར་པོ་ཡིན་ཞིང་། དེའི་ཆབ་དཔལ་རིག་གཞུང་གི་འགྲོ་སྟངས་མ་ཤེས་པར་བདེན་དོན་ཅི་ལྟར་རྩོད་ཀྱི་ཡིན་ནམ། རྩོམ་ཡིག་འདི་ཀློག་པའི་སྐབས་ངོ་མ་སློབ་གྲྭ་ཆེན་མོ་ཐོན་ཅིང་། རྒྱ་ནག་ཐོག་ཉམས་ཞིབ་གནང་གིན་པའི་དཔྱད་བརྗོད་པ་ཞིག་གི་ཉམས་ཐོན་འདུག དག་ཆ་འགའ་རེ་ནོར་འདུག་མོད། དེ་ནི་ངེས་པར་སྲིད་པ་ཞིག་ཡིན་ཏེ། དེར་དུས་བབ་རྩོམ་སྒྲིག་པས་ངེས་པར་ཞུ་དག་གནང་དགོས་པ་མ་ཡིན་ནམ། རྩོམ་པ་པོས་ཡིག་འབྲིའི་ཚེ་ནོར་མེད་བསམ་པ་རང་ཉིད་ཀྱིས་ཐེངས་འགར་མ་བཀླགས་ཚེ། ནོར་བ་མ་རིག་པ་འདི་རྒྱུན་གཏན་ཡིན། དེ་ལས་གཞན་དོན་དང་སྡེབ་ལེགས་པར་འཁྱོངས་འདུག རྗེས་སོར་ཡང་འདི་ལྟའི་རྩོམ་ཡིག་གང་མང་སྤེལ་གནང་ཡོད་པ་ཞུ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚོགས་བཅར་བ་ཚོས། རང་རང་གི་སྐེ་ལ་རས་དུམ་རེས་བཏགས་ནས། མའོའི་རོ་འཁོགས་ལ་གུས་དུད་བྱ་དགོས་དུས། ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་དེ་ཡང་མ་ཤེས། རང་གི་འགྲོ་སྟངས་དེ་ཡང་བརླག་སོང་ཟེར་བ་དང་མཚུངས་པ་མི་འདུག་གམ། ཧ་ཧ། ཧི་ཧི། ཧོཧོཧོ།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མའོས་རང་གི་སྐེ་ལ་ཐག་པ་བཏགས་མེད་ན། གསར་པ་འདི་ཚོས་སྐེད་ལ་ཐག་པ་བཏགས་དགོས་དོན་གང་ལ་ཐུག་པ་ཡིན་ནམ། ཧཧཧཧཧཧཧཧཧཧཧཧ

    Reply
  13. བསེ་རུ། says:
    ལོ་ 13 སྔོན།

    དག་སྡེབ་ལ་གཟབ་དགོས་འདུག

    རྒྱ་ནག་སྐོར་གྱི་མ་འོངས་ལུང་བསྟན་འདི་དོན་དམ་དུ་གནས་ཀྱི་ཡོད་མེད་མི་ཤེས། འོན་ཀྱང་། ང་ཚོར་རྒྱ་ནག་སྐོར་ལ་དཔྱད་བརྗོད་སྤེལ་མཁན་གང་མང་དགོས་ལ།
    བློ་གཟུ་བོར་གནས་པའི་སྤྱི་ཚོགས་དཔྱད་བརྗོད་པ་ཁང་གསར་རྡོ་རྗེ་ལྟ་བུ་གང་མང་མང་བྱུང་ན་ཅི་མ་རུང་སྙམ།

    Reply
  14. མི་ཆུང་། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག དགའ་བསུ་ཡོད། རྒྱ་ནག་སྐོར་ལ་དཔྱད་ཞིབ་འདི་རིགས་མང་ཙམ་དགོས་ཀྱི། ད་དུང་དཔལ་འབྱོར་དང་འབྲེལ་ནས།

    Reply
  15. འཇམ་གཅེས ། says:
    ལོ་ 13 སྔོན།

    ཚོད་དཔག་ལ་ཟུར་ཟ་་བཞིན་ཚོད་དཔག་བཟོ་བ་འདི་ནི་ང་ཚོ་བོད་པ་ཚང་གི་གོམ་གཤིས་ཞིག་ཧ་ཧ་ཧ་ཧ

    Reply
  16. མི་རྒོད། says:
    ལོ་ 13 སྔོན།

    གནམ་རྡིབ་ཚོད་དཔག་མ་བྱེད་དེ་ལས་རང་རེའི་དཔའ་བོ་ཕོ་མོས་མཛད་རྗེས་དྲྭ་རྒྱ་བརྒྱུད་རྒྱལ་སྤྱའི་མདུན་སར་གནད་ལ་འཁེལ་ཐབས་བྱོས། ཁུང་མེད་ལུང་མེད་མ་བྱེད་མི་སྣ། དེ་ལ་ཕན་ཐོགས་ཀྱི་དོན་སྤུ་ཙམ་མེད་པ་རེད།རང་ མགོ་མེར་ཚིག་ནའང་ད་དུང་རེ་བོ་ཆོ་ཆུང་མཆན་མ་བྲིས་ཨ་རོ་ཅི་ལེ་རེད།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese