མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་སྲེག་གི་རྒྱབ་གཟུགས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བཛྲ་རཏྣ།

བོད་ནང་རང་སྲེག་གི་དོན་རྐྱེན་རེ་རེའི་སྐབས་གནས་ཚུལ་བྱུང་ཡུལ་ས་གནས་ས་ཐོག་གི་དྲ་ཚིགས་དང་། ཁ་པར་གྱི་བརྒྱུད་ལམ་ཡོད་ཚད་བཀག་འགོག་གིས་ཕྱི་མི་ནང་ལ་མི་ཚུད་ཅིང་ནང་མི་ཕྱི་ལ་མི་ཐར་བའི་བཀག་རྒྱ་དམ་པོ་བྱས་ཏེ། འཛམ་གླིང་མི་དམངས་ལ་བོད་ཀྱི་དོན་དངོས་ཤེས་སུ་འཇུག་མི་འདོད་པའི་སྲིད་བྱུས་དེ་པེ་ཅིང་སྲིད་གཞུང་སྔར་ལྟར་ཡིན་ནའང་། བར་སྐབས་ཤིག་ནས་བོད་མིའི་རང་སྲེག་གི་རྒྱུ་རྐྱེན་ཁག་ཅིག་བཟའ་ཚང་བར་གྱི་འགལ་ཟླར་བརྟེན་ནས་བྱུང་ཚུལ་དང་། ཡང་ཁག་ཅིག་རྒྱན་ཤོར་གྱིས་རང་སྡུག་མ་ཐེག་པའི་ཡིན་པར་ངོས་ལེན་ཡོང་ཐབས་དང་། དེ་བཞིན་བོད་ཤར་ཕྱོགས་མདོ་སྨད་རེབ་གོང་ཁུལ་གྱི་སྐྱ་སེར་ཚོས་རང་སྲེག་མི་བྱེད་རྒྱུར་ཁག་ཐེག་མཛུབ་ཐེལ་རྒྱག་པ་བཅས་ཀྱི་ཐད་ཞི་དྲག་གིས་བྱེད་ཐབས་ཅི་རིགས་སྤྱོད་བཞིན་པ་ནི། བོད་མིའི་རང་སྲེག་གི་དམིགས་འདུན་དེ་ཚད་མཐོ་བར་བསླེབས་པའི་མངོན་རྟགས་ཤིག་ཏུ་མ་ཟད། པེ་ཅིང་སྲིད་གཞུང་ཡང་གནད་དོན་དེར་གཡོལ་ཅི་ཐུབ་ཀྱི་ཚད་དུ་ལྷུང་བའི་རྟགས་མཚན་ཞིག་ཀྱང་རེད།

བོད་མིས་འཚེ་མེད་ཞི་བའི་ལྟ་གྲུབ་རྨང་གཞིར་བཞག་སྟེ་རང་གི་མངོན་འདོད་རྩོད་ལེན་བྱ་རྒྱུ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད། ཆོད་སེམས་ཅི་བས་ཆེ་ན། པེ་ཅིང་སྲིད་གཞུང་གིས་དེ་ལ་བཟོད་སྒོམ་མི་ཐུབ་པ་ནི། ང་ཚོས་འདས་པའི་ཉམས་མྱོང་རིམ་པ་ནས་ཚོད་བགམ་ཐུབ་ཅིང་། ཉེ་བའི་ཐད་ནས་ཀྱང་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཧོང་ལིས་ ‘‘ཏཱ་ལའི་བླ་མས་རང་སྲོག་བློས་གཏོང་བྱེད་མཁན་ཚོར་སྐྱོན་བརྗོད་གཏིང་ཟབ་བྱ་རྒྱུའི་ཚབ་ཏུ། བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་སླད་གཞན་གྱི་ལུས་སྲོག་བློས་གཏོང་དགོས་རྒྱུར་སྐུལ་མ་བྱེད་བཞིན་ཡོད་པ་རེད་’’ཅེས་དང་།  ‘‘ཏཱ་ལའི་བླ་མས་བོད་རང་བཙན་གྱི་དམིགས་ཡུལ་འགྲུབ་ཐབས་སུ་ཉི་ཧོང་ནང་གཏམ་བཤད་སྤེལ་བ་བརྒྱུད་རྒྱ་ནག་ལ་མི་དགའ་མཁན་ཉི་ཧོང་གཡས་ཐལ་སྡེ་ཁག་དང་མཉམ་འབྲེལ་ཐབས་ཤེས་བྱེད་བཞིན་ཡོད་པ་རེད་’’ཅེས་དངོས་ཡོད་གནས་ཚུལ་ལ་བསྙོན་འཛུགས་དང་། རྫུན་གཏམ་ཆེན་པོ་བཤད་དེ་རྒྱ་རིགས་ཀྱིས་མཚོན་འཛམ་གླིང་མི་དམངས་ལ་མངོན་སུམ་འཛེམ་མེད་ཀྱིས་དབུ་སྐོར་འདི་ལྟར་གཏོང་ཕོད་པ་ནི། པེ་ཅིང་སྲིད་གཞུང་གིས་བོད་མིའི་རང་སྲེག་གི་དོན་དངོས་ལ་གཏན་ནས་བཟོད་སྒོམ་ཐུབ་ཀྱི་མེད་པའི་རང་མཚང་ཕྱིར་མངོན་ཡོད།

གཉིས། བཟོད་སྒོམ་མི་ཐུབ་པའི་རྒྱུ་མཚན་བཙལ་བ།

པེ་ཅིང་གིས་ད་རབས་དམིགས་བསལ་བཟོད་སྒོམ་ཐུབ་ཀྱི་མེད་པའི་རྒྱུ་མཚན་གཙོ་བོ་དེ། ད་བར་ཁོང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་བོད་ཡུལ་གསར་བ་ཞེས་པའི་དར་ཆ་མཐོན་པོར་སྒྲེང་བའི་ནང་སྙིང་། དུམ་བུར་བགོས་པའི་སི་ཁྲོན་ཁོངས་ཀྱི་བོད་ཁུལ་དང་། ཀན་སུའུ། མཚོ་སྔོན། བོད་རང་སྐྱོང་ལྗོངས་བཅས་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་གཅིག་གྱུར་གྱི་འབོད་ཚིག་འོག་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དོན་དྲུག་གིས་རང་ལུས་གསོན་པོ་མེ་རུ་བསྲེགས་ནས་རང་གི་མངོན་འདོད་རྩོད་ལེན་བྱས་པ་དེས་རྫུན་ཁུང་ཡོངས་སུ་བརྡོལ་བ་དང་དུས་མཚུངས། གནད་དོན་དེས་འཛམ་གླིང་མི་དམངས་ཧང་སང་དུ་བཅུག་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་། ཨ་རིའི་གཞུང་ཚབ་དང་། འཇར་མན་གཞུང་། ཡོ་རོབ་གྲོས་ཚོགས། ཧྥ་རན་སིའི་གྲོས་ཚོགས། ཌན་མག་གྲོས་ཚོགས། ཉི་ཧོང་གྲོས་ཚོགས་རྣམས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དང། དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་ཁེ་ན་ཌ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྔ་རྗེས་སུ་བོད་མིའི་རང་སྲེག་གི་གནད་དོན་གླེང་སློང་བྱས་པས་མཚོན། བོད་མིས་ཆེས་ཚད་མཐོའི་འཚེ་མེད་ཞི་བའི་རང་སྲེག་གིས་མངོན་འདོད་རྩོད་ལེན་བྱེད་ཤུགས་ཆེ་ཆེར་འགྲོ་བཞིན་ཡོད་པས་རེད།

གསུམ། ང་ཚོའི་རྒྱལ་ཁ་ངོ་མ་ནི་ཕྱིར་འཁོན་མི་སློང་བ་དེ་ཡིན།

སྐབས་འདིར་ང་ཚོས་གཟབ་ནན་དགོས་པ་ཞིག་ནི། པེ་ཅིང་སྲིད་གཞུང་གི་མུན་སྒམ་སྦུབས་ཀྱི་དམག་ཇུས་དེ་བོད་མིས་འཚེ་མེད་ཞི་བའི་ངང་རང་སྲེག་གིས་མངོན་འདོད་རྩོད་ལེན་ཀྱི་རྣམ་པ་ཡོད་ཚད་ཁ་ཕྱོགས་གཞན་ལ་བསྒྱུར་ཏེ། མདའ་གཅིག་གིས་གླ་བ་གཉིས་གསོད་པའི་བྱེད་ཐབས་སྤྱོད་ཉེན་ཡོད་པ་དེ་རེད། དེའི་ཐད་ཀྱི་ཉེ་བའི་དཔེ་མཚོན་ཞིག་ནི། ཕྱི་ཟླ་ ༡༠ ཚེས་ ༢༤ ནས་བཟུང་རྒྱ་གཞུང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཞང་སོ་སོའི་ནང་དྲག་རྡུང་ལས་འགུལ་སྤེལ་མགོ་བརྩམས་ཤིང་། དེའི་ཁྲོད་བོད་མི་ལོ་ ༡༥ ཡན་ནས་ ༦༥ མན་གྱི་སྐྱེས་པ་ཡོངས་རྫོགས་ཞུགས་པར་བཙན་བཀའ་བཏང་བའི་དྲག་རྡུང་ལས་འགུལ་དེ་ནང་བོད་མི་ཁག་ཅིག་ལ་རྨས་སྐྱོན་ཆེན་པོ་བཟོས་ཚུལ་གསར་ལམ་ཁག་ཏུ་ཐོན་ཡོད་པ་རེད།

བོད་མིའི་ཁ་དཔེར། ཁྱི་ཁུག་ལ་བཀར་དྲགས་ན། མཆེ་བ་མི་འདོན་ཀ་མེད། ཅེས་པའི་དཔེ་ལྟར། རྒྱུ་རྐྱེན་འདི་ཡིན་ཟེར་རྒྱུ་མེད་པར་རང་དགར་གཅར་རྡུང་དེ་ལྟར་བྱས་ན་བོད་མི་འུ་ཐུག་ནས་དྲག་སྤྱོད་སྤེལ་སྲིད་པ་དང་། གལ་སྲིད་བོད་མིས་དྲག་སྤྱོད་སྤེལ་བ་ཡིན་ན། གཅིག་ནས་བོད་མིའི་རང་སྲེག་ལས་འགུལ་འདིའི་སྣེ་མོ་དྲག་སྤྱོད་པར་བསྒྱུར་བ་དང་། དེ་ལ་བརྟེན་ནས་བོད་མིར་དྲག་གནོན་ཡ་ང་བ་ཞིག་བྱས་ཏེ། རྒྱལ་སྤྱིའི་ཐོག་ལའང་འགྲེལ་བཤད་སྟབས་བདེ་ཞིག་བརྒྱག་ཉེན་ཡོད་པ་རེད། ཕྱོགས་གཅིག་ནས་གནད་དོན་དེས་རྒྱ་རིགས་མི་དམངས་ཁོང་ཁྲོ་ལངས་གཞི་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་སྣོན་བྱེད་པའི་ལག་ཆ་ཞིག་ལའང་བསྒྱུར་སྲིད་སྟབས། སྐབས་འདི་ནས་བོད་མི་ཚོས་ཅིས་ཀྱང་རྣམ་རིག་གྲུང་བོའི་ངང་མེ་མདས་དྲག་ཆར་ཕབ་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་འཁྱོངས་དགོས་པ་ལས། ཕ་རོལ་གྱི་གཡོ་འོག་ཏུ་ཚུད་དེ་དྲག་སྤྱོད་མངོན་དུ་གྱུར་པ་ཡིན་ན། ཕ་རོལ་ལ་དགོས་རྒྱུ་དེ་བསྒྲུབས་པ་རེད་ལ། གཞིས་ལུས་བོད་མི་དོན་དྲུག་གིས་འཚེ་མེད་ཞི་བའི་ངང་རང་སྲེག་གིས་མངོན་འདོད་རྩོད་ལེན་བྱས་པ་རྣམས་ཀྱང་ཆུད་ཟོས་སུ་བཏང་བ་རེད།

བཞི། རྒྱབ་ཕྱོགས་ལ་ཉན་འཇོག་དགོས།

གནད་དོན་གང་ཞིག་ཡིན་ཡང་བཟང་ཕྱོགས་ཀྱི་ཆ་དང་ལྡོག་ཕྱོགས་ཀྱི་ཆ་གཉིས་ཡོད་པ་ལྟར། ང་ཚོས་ངེས་པར་རང་སྲེག་གི་རྒྱབ་གཟུགས་ལ་ལྡོག་ཕྱོགས་ཀྱི་ཆ་ནས་ཉན་འཇོག་དགོས། དེ་ཐད་འཐུས་ཤོར་གྱི་དཔེ་མཚོན་ཞིག་ལོ་རབས་བརྒྱད་ཅུའི་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དངོས་སུ་བྱུང་ཡོད། དེ་ཡང་ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༢ ནས་ལྷ་སར་བསྐྱར་དུ་བོད་མིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱེན་ལངས་སྐབས། ས་གནས་དཔོན་རིགས་གཙོ་གྲས་ཁག་ཅིག་གིས་ཀྱང་ཤེས་ཚོར་གཏན་ནས་མེད་པར། ཕྱི་ཟླ་ ༣ ཚེས་ ༥ ཉིན་བོད་སྡོད་ཉེན་རྟོག་དྲག་ཆས་དམག་དཔུང་ལ་པེ་ཅིང་དབུས་གཞུང་ཉེན་རྟོག་བཀའ་བཀོད་ཁང་གིས་དམག་རྒྱག་སྐུལ་སློང་གི་བཀའ་བརྒྱ་འབྱོར་རྗེས། འཕྲལ་དུ་དམག་རྒྱག་འཆར་བཀོད་སྒྲིག་པའི་གོ་རིམ་ཡོད་ཚད་ཆེས་འཇིགས་སྣང་ཡོང་གཞི་ཤ་སྟག་ཡིན་ཞིང་། དེའི་དོན་ཚན་བཞི་བར་ནང་གསེས་དོན་ཚན་བདུན་ཅན་གྱི་གསང་ཇུས་ཡོད་པའི་ཆ་ཤས་ཤིག ‘‘ གསང་ཉུལ་ཡན་ལག་རུ་ཁག་ནས་མི་སུམ་བརྒྱ་སྐོར་ཞིག་མི་མང་དང་། གྲྭ་བའི་ནང་འཛུལ་ནས་ཚེས་ལྔ་ཉིན་གྱི་ཞོགས་པ་བར་སྐོར་ནང་དང་། ལྷ་སའི་ཟིང་ཆ་ཡོད་སའི་ས་གནས་ཁག་ལ་བསྐྱོད་དེ་སྤྱི་བདེ་ཐིང་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཀྱུས་ཆས་སྤྲོས་པའི་ཉེན་རྟོག་པར་རམ་འདེགས་བྱས་ནས་ཆེད་མངགས་རྣམ་པ་ཟང་ཟིང་བཟོ་རྒྱུའི་ལས་འགན་སྒྲུབ་དགོས། གཙུག་ལག་ཁང་གི་བྱང་ཤར་ཕྱོགས་སུ་ཡོད་པའི་དགའ་ལྡན་དར་སྨྱོན་དང་། ཤར་སྐྱ་རེངས་དར་ཆེན་མེར་སྲེག་གཏོང་རྒྱུ། ལྷ་སའི་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲུ་རིགས་ཚོང་ཁང་གཏོར་བཅོམ་བྱས་ནས་གྲོང་མི་ཚོ་མཉམ་དུ་འབྲུ་རིགས་བརྐུ་རྒྱག་བྱེད་འཇུག་རྒྱུ་དང་ཆབས་ཅིག་བོད་དང་ཀན་སུ་ཟུང་སྦྲེལ་གྱིས་གཉེར་བའི་ཚོང་ཁང་ཆེན་མོར་དཀྲོག་རྐྱེན་གཏོར་བཅོམ་བྱས་ཏེ་གྲོང་ཁྱེར་མི་ཚོར་ཚོང་ཟོག་བརྐུ་རྒྱག་བྱེད་རྒྱུའི་ངན་སྐུལ་བྱེད་རྒྱུ། ’’ཞེས་སོགས་ཞིབ་ཚགས་པའི་གསང་ཇུས་བཀོད་སྒྲིག་འདི་ལྟར་བྱས་ཡོད་ལ། གསང་ཇུས་འདི་བཞིན་པེ་ཅིང་དབུས་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་རྒྱལ་ས་ལྷ་སར་རྒྱ་མིས་བོད་ཆས་གྱོན་ཏེ་གྲི་ནམ་མཁར་འཕྱར་བའི་གནས་ཚུལ་དངོས་སུ་བྱུང་ཡོད་པ་མིན་ནམ།

མཇུག་གི་རེ་སྐུལ།

སྔོན་ཆད་རྒྱ་གར་དུ་ནང་བའི་བསྟན་པར་མཐའ་དམག་གིས་འཇིགས་པ་ཇི་སྙེད་བྱུང་དུས་རྣམས་སུ།  སྐབས་དེའི་བསྟན་འཛིན་གྱི་སྐྱེས་མཆོག་གང་མང་ཞིག་གིས་བཟོད་པ་སྒོམ་ནས་རྒྱལ་ཁ་བླངས་པའི་ལོ་རྒྱུས་ཡོད་པ་དང་། བོད་མིའི་ཁ་དཔེ་ལ་ཡང་། འཇམ་པོས་དྲག་པོ་འཇོམས་ཞེས་པ་འདི་བོད་མི་ཀུན་གྱི་སེམས་ལ་ཉར་བའི་སྨོན་འདུན་དྲག་ཏུ་ཞུ་བ་དང་ཆབས་ཅིག  དེ་རིང་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་ཐོག་ཏུའང་བོད་མིའི་སྐྱབས་མགོན་༸གོང་ས་མཆོག་གིས་ ‘‘བོད་པའི་འཐབ་རྩོད་ནི་མཐའ་གཅིག་ཏུ་འཚེ་བ་མེད་པའི་འཐབ་རྩོད་ཅིག་དང་། འཚེ་མེད་ཞི་བ་ནི་ནང་སེམས་ཀྱི་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན་ལ། དྲག་སྤྱོད་ཀྱི་རིགས་ནི་ཁོང་ཁྲོ་དང་རང་ཉིད་ལ་གདེང་ཚོད་མེད་པའི་དབང་གིས་མཚོན་ཆ་བེད་སྤྱོད་བྱེད་པ་སོགས་འབྱུང་གི་ཡོད་’’ཅེས་པའི་ལམ་སྟོན་འདི་བོད་མི་ཀུན་གྱི་སེམས་ཀྱི་གཏིང་རིམ་ལ་ཉར་དགོས།

མཐའ་དོན་ནན་གྱིས་བརྗོད་འདོད་པ་ཞིག་ལ། མཁས་པ་ཤེས་རབ་ཀྱིས་སྲུང་ན། ། དགྲ་བོ་མང་ཡང་ག་ལ་ཚུགས།། ཞེས་པ་ལྟར། བོད་ནང་ཤིན་ཏུ་ཛ་དྲག་ཏུ་གྱུར་པའི་སྐབས་འདིར། མཁྱེན་དཔྱོད་ཡངས་པའི་བོད་མི་ཤེས་ལྡན་པ་ཚོ་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་མི་འཛིན་པར་རང་རང་གི་རྣམ་དཔྱོད་སྤྱད་ནས་བླང་དོར་ལེགས་ཉེས་སྟོན་པའི་བྱ་བར་ཅིས་ཀྱང་འཇུག་དགོས། འདིའི་ཐད་དེ་རིང་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་‘‘ བོད་དང་བོད་མིའི་གལ་ཆེའི་གནད་དོན་ཡོངས་རྫོགས་ཀྱི་ཐོག  ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་དཔེ་སྟོན་དང་མདུན་བསྐྱོད་གནང་བའི་རེ་འདུན་ཞུ་བ་ཡིན། ’’ཞེས་གསུངས་ཡོད་པ་མིན་ནམ། །

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 9

  1. བདེ་རྒྱལ། says:
    ལོ་ 13 སྔོན།

    གཤམ་གྱི་མཆན་འདེབས་པ་མཁྱམ་པོའི་ཚིག་འདི་གོ་དུས་སྔོན་གྱི་འདས་དོན་འདི་འདྲ་ཞིག་ཡིད་དྲན་ཡོང་། བླ་མ་ཞིག་གིས་ཚོགས་པར་ཆོས་གསུང་སྐབས་སེམས་ཅད་ཐམས་ཅད་འཚང་རྒྱ་རུང་ཡིན་སྐོར་བཤད། ཆོས་ཞུའི་ཁྲོད་ཀྱི་མི་ཞིག་གིས་བླ་མར་དྲི་བ་འདི་ལྟར་ཕུལ། རིན་པོ་ཆེ་ལགས། སེམས་ཅན་ཐམས་ཅད་སངས་རྒྱས་སོང་ན། སངས་རྒྱས་བསྟན་སུ་སྐྱོང་དགོས་པ་རེད་ཅེས་འཁང་རའི་ཚུལ་གྱིས་དྲི་བས་ཚོགས་པ་ཚང་བཞད་གད་ཐག་གེར་སོང་བ་དང་འདྲ་སེ་མི་འདུག་གམ། ཧ་ཧ་་་་་་་་་་་་་་་་་་་་

    Reply
  2. རྐང་གསུམ། says:
    ལོ་ 13 སྔོན།

    དེ་རིང་ཡང་བསྐྱར་རྩོམ་ཡིག་འདིའི་གནད་ཚིག་དག་ལ་གུས་པ་མཇལ་དུ་ཡོང་ཡོད། ཡིན་ནའང་རྩོམ་ཡིག་འདི་ཡང་བསྐྱར་འགོ་ནས་མཇུག་བར་དུ་བསྐྱར་ཀློག་ཐང་གཅིག་བྱས་ནས་གཤམ་གྱི་མཆན་བུ་ཁག་གཅིག་ལ་ལྟ་ཙམ་བྱས་པ་ཡིན། མ་གཞི་རྩོམ་ཡིག་འདིས་གཉེན་ཁའི་གནས་ཚུལ་ཁག་གཅིག་ལ་ཕྱི་ལྟས་དང་། བསམ་གཞིག དོགས་སློང་སོགས་བྱས་ནས་ལམ་ལ་ཆས་དགོས་པའི་སྐུལ་མ་ང་ཚོར་གནང་འདུག་པ་མ་ཟད། དུས་ཀུན་ང་ཚོས་བསམ་ཤེས་དགོས་པ་ནི། ལས་འགུལ་འདིའི་ཁ་ཕྱོགས་གཞན་ཞིག་ཏུ་འཁྲིད་འདོད་ཀྱི་གཡོ་ཇུས་ཤིག ཐབས་ཤེས་སྣ་ཚོགས་ཤིག་འོག་ནས་ཡོང་བཞིན་ཡོད་པ་མཁྱེན་གཟིགས་ཡོད་དགོས་པའི་གནད་ཚིག་དང་། དེ་མིན་དུས་ནམ་ཞིག་གི་ཚེ་ཁོ་བ་ཚང་གིས་བྱ་བ་གང་ཞིག་རྩོམ་ན། ང་ཚོས་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བའི་བརྩོན་པ་གནང་དགོས་པའི་སྐད་ཆ་ཞིག་བཤད་འདུག དེ་བས་ན་མཆན་བུ་འདེབས་མཁན་ཚོས་རྩོམ་ཡིག་འདིའི་རིགས་ལམ་ཁ་གཞན་ཞིག་ཏུ་མ་ཁྲིད་རོགས་ཞུ།

    Reply
  3. ཨ says:
    ལོ་ 13 སྔོན།

    རྩ་བའི་རྩོམ་དེའི་ནང་། འུ་ཚོའི་མེ་རྒོལ་ལ་འོང་ངེས་ཀྱི་ཉེན་ཁ་ངོས་འཛིན་གནང་སྟངས་དང་། མེ་རྒོལ་འདིས་གཞི་རིམ་གྱི་ནུས་པ་ཐོན་ཚུལ་གཉིས་གནད་ཁེལ་དང་ཁྱད་འཕགས་བཤད་འདུག རྩོམ་པ་པོ་ངོ་མ་བཀའ་དྲིན་ཆེ། དེ་མིན་མཆན་འདེབས་མཁན་ཚོས་ཀྱང་རང་གི་འཁྲི་ཆ་བདག་བཞེས་གནང་འདུག་སྙམ་བྱུང་། རྩོམ་གྱི་མཇུག་གི་རེ་བསྐུལ་ལྟར་སང་ཉིན་བསམ་ཚུལ་ཐུང་ཐུང་ཞིག་བྲི་ངེས་ཡིན།

    Reply
  4. འཁྱམ་པོ། says:
    ལོ་ 13 སྔོན།

    ལེགས་ཆ་གང་ཡང་མ་མཐོང་། མདོ་ཧྲིལ་གྱི་སྒྲིལ་ན་ད་དུང་མེར་སྲིག་བཏོང་དགོས་ཞེས་པ་ཞིག་ཤུག་ལ་གོ་གི་འདུག་པའི་དམངས་ཐམས་ཅད་མེ་ལ་སྲིག་རྗེས་སུ་ཞིག་བདེ་བར་གནས་སམ། མི་རིགས་དང་རིགས་གཞུང་ཞེས་པ་དེ་མི་གསོན་ནི་སྲུང་སྐྱོབས་བྱེད་དགོས་པ་ལས་འཆི་ནི་སྲུང་རྒྱུ་ཤིན་དུ་དཀའ།

    Reply
  5. རྐང་གསུམ། says:
    ལོ་ 13 སྔོན།

    བཛྲ་རཏྣ་ལགས། ངོ་མ་ཡག་པོ་ཞིག་བྲིས་འདུག་་་་་་ཆ་ཚང་བཀླགས་ནས་ཕྱིར་བུད་ཡོད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ དེ་བཞིན་ཕྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་རྒྱལ་ས་ལྷ་སར་རྒྱ་མིས་བོད་ཆས་གྱོན་ཏེ་གྲི་ནམ་མཁར་འཕྱར་བའི་གནས་ཚུལ་དངོས་སུ་བྱུང་ཡོད་པ་མིན་ནམ ་་་་

    Reply
  7. རྒྱང་ལྟ། says:
    ལོ་ 13 སྔོན།

    འགན་ཁུར་ཡོད་པའི་རྩོམ་ཡིག་ཅིག་རེད་འདུག་སྙམ། དྲང་མོར་བཤད་ན་རྩོམ་ཡིག་འབྲི་མཁན་ཡིན་ཟེར་བ་ཚོས་འདི་འདྲ་བ་རེ་བྲིས་ན་མི་རིགས་ལ་འགན་འཁྱེར་སྟངས་ཞིག་རེད།

    Reply
  8. གངས་སྒྲ། says:
    ལོ་ 13 སྔོན།

    ཧཧཧཧ་་་་་་ ཐོག་མར་བཀྲ་ཤིས་བདེ་ལེགས་ཡོད།
    རྩོམ་ཡིག་འདི་མཐོང་ནས་ང་ལ་ཆེས་ཐོག་མར་དགའ་སྣང་ཞིག་སྤྲད་པ་ནི་”བོད་མིས་འཚེ་མེད་ཞི་བའི་ལྟ་གྲུབ་རྨང་གཞིར་བཞག་སྟེ”ཞེས་པའི་ཚིག་འདི་རང་ཡིན།
    ཕྲན་དགའ་སྤྲོ་སྐྱེས་དགོས་པའི་རྒྱུ་མཚན་ནི། ང་ཚོའི་ཉེ་ལམ་གྱི་སྲིད་ཇུས་ཅི་རེད་ཟེར་ན། འཚེ་བ་མེད་པ་དང་། ཞི་རྒོལ་ཆེན་པོའི་ལས་འགུལ་རེད། དེ་ལྟར་གོང་གི་རྩོམ་ཡིག་སྤེལ་མཁན་འདིས་དགོངས་པ་དང་ལངས་ཕྱོགས་ང་ཚོའི་ཡོངས་ཁྱབ་རང་བཞིན་གྱི་སྲིད་ཇུས་དང་མཐུན་པས་ཡིན། འདི་ལྟར་རེ་རེ་བཞིན་བགྲངས་ན་གླེང་མི་ཚར་བས། ད་ནི་སྐབས་བསྟུན་མདོར་བསྡུས་ངང་རྩོམ་ཡིག་འདིར་རོལ་མྱོངས་ཐེངས་ཤིག་བྱས་པའི་སྐད་ཆ་མཇུག་བསྡུ་བར་བྱེད། མཐར་དོན། བློ་རིག་གསལ་བའི་མི་ཚང་མས་དམིགས་ཡུལ་གཅིག་ལ་འབད་འབུངས་བྱེད་པ་
    དང་། རླབས་ཆེན་གྱི་བསམ་པ་ཐམས་ཅད་ཀྱིས་རྩ་དོན་གཅིག་ལ་བརྩི་བཀུར་ཞུ་བ་སྟེ། དེ་བཞིན་རང་རེའི་སྙིང་ཉེ་བའི་རྩོམ་མིང་འཛིན་པ་རྣམས་ཀྱིས་ཀྱང་རྩོམ་ཡིག་ཅེས་པ་རང་ཉིད་ཀྱི་བསམ་ཚུལ་ཙམ་མ་ཡིན་པར་གནས་ལུགས་ཀྱི་གདོང་གཏད་དེ་སྐད་ཆ་བཤད་ཐུབ་པ་ནི་ཧ་ཅང་གལ་ཆེན་ཡིན། དེ་ཡང་གསོང་བོར་བརྗོད་ན། ང་ཚོས་ཡང་དག་པའི་དེང་གི་ལོ་རྒྱུས་ཀྱི་དགོངས་པ་རྟོགས་དགོས། སྤྱིར་དུས་ཚོད་ཐུང་ཐུང་ཞིག་གི་ནང་སྐད་ཆ་ཡོད་ཚད་བཤད་མི་ཚར་བས། ད་འདི་ནས་མཚམས་འཇོག་གི་ཡིན། ཉིད་ཀྱི་ཕྱག་རྩོམ་འདི་ལྟར་དགའ་བཞིན་སྤྲོ་བཞིན་བཀླགས་ཏེ་བུད་སོང་། ལས་ཀྱི་སྐལ་བ་ཡོད་ན་སླད་མར་མཇལ་ཡོངས། ཧཧཧཧཧ་་་་་་་་་ ཡིན་ནའི་ཉིད་དགོངས་པ་ཁྱོན་ནས་མ་ཚོམས། རྒྱུ་མཚན། ཆེས་ཐོག་མའི་ཁྱེད་ཀྱི་རྩོམ་ཡིག་འདིའི་ཁ་བྱང་སྟེ། <<མེ་སྲེག་གི་རྒྱབ་གཟུགས་གླེང་བ>> ཞེས་པའི་ནང་ངས་ནི་འདི་འདྲིའི་སྐྱོན་ཞིག་མཐོང་སོང་། སྤྱིར་ངས་གནད་དོན་འདི་རིགས་མི་བཤད་མི་གླེང་བར་གྲ་སྒྲིག་བྱས་མོད། འོན་ཀྱང་ཉིད་ཀྱི་རྩོམ་ཡིག་འདིར་བལྟས་རྗེས་ང་ལ་གར་ཡོང་མི་ཤེས་བའི་ལྷག་བསམ་ཞིག་གིས་འདེབས་ཀྱིན་འདུག་པས་ད་ནི་འགྲིག་མིན་མི་ཤེས་ཀྱང་འདི་ལྟར་བགྱི་དགོས་པ་འདྲ་བྱུང་། བླུན་རྨོངས་བ་ངས་བལྟས་ན། མེ་སྲེག་ཅེས་པའི་གོང་གི་ཁ་བྱང་མདུན་གྱི་མེ་སྒྲ་དེ་རྗེས་སུ་ ལ་དོན་ཀྱི་ཕྲད་ར་ཞེས་པ་འདི་སྦྱར་ནས་ མེར་སྲེག་ཅེས་བཞག་ན་བྱ་བའི་དོན་སྟོན་པར་ནུས་པ་བླ་ལྷག་ཏུ་ཐོན་ཐུབ་པ་འདྲ་ཞིག་མཐོང་སོང་བས་ཉིད་ཀྱི་བསམ་བློའི་དགོངས་པ་ལ་བརྩི་བཀུར་བྱས་ཡོད་མིན་སོགས་ལའང་མ་བལྟས་པར་དེ་ལྟར་བྱས་པ་ཙམ་ཡིན། གལ་སྲིད་ནོར་འཛོལ་གྱི་ཆ་མཆིས་ན་ངས་ཁྱེད་ལ་འདི་ནས་དགོངས་པ་དྭངས་བར་གྱིས་ཞེས་ཞུའོ། བཀྲ་ཤིས་དང་བཅས་བདེ་བར་སྨོན།བ་རྨང་གཞིར་བཞག་

    Reply
  9. thapkegyatso says:
    ལོ་ 13 སྔོན།

    རྣག་ཐོག་ཁབ་གཙགས་དང་ཚིག་དོན་ཟབ་པའི་རྩོམ་ཡིག་ཅིག་རེད་འདུག འདི་བརྒྱུད་འགོད་བྱས་ན་འགྲིག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese