ཁ་སང་ཕྱི་ཚེས་ ༢༧ ཉིན་ཨེ་ཇིབ་མི་མང་ཁྲི་ཕྲག་མང་པོས་ད་ལྟའི་སྲིད་གསར་གྱིས་དབང་ཆ་སྒེར་གཅོད་བྱེད་ཀྱི་ཡོད་པར་ངོ་རྒོལ་ཤུགས་ཆེར་བྱས་ཡོད་འདུག
ཉིན་འདི་དགར་ཨེ་ཇིབ་ནང་བསྟུད་མར་གཞུང་ལ་ངོ་རྒོལ་བྱུང་ཡོད་པ་དང་། ལྷག་པར་དུ་ཕྱི་ཚེས་ ༢༧ ཉིན་ཨེ་ཇིབ་ཀྱི་རྒྱལ་ས་ཁཱའེ་རོ་(Cario) གཙོས་གྲོང་ཁྱེར་མང་པོའི་ནང་། མི་མང་ཁྲི་ཕྲག་མང་པོས་ད་ལྟའི་ཨེ་ཇིབ་སྲིད་འཛིན་མཱུར་སེ་(Mohammed Mursi) ཡིས་སྲིད་དབང་སྒེར་འཛིན་བྱེད་ཀྱི་ཡོད་པའི་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད།
ཨེ་ཇིབ་མི་མང་གིས་ད་ལྟའི་གཞུང་དང་སྲིད་འཛིན་ལ་ངོ་རྒོལ་བྱེད་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཉེ་ཆར་སྲིད་འཛིན་མཱུར་སེ་ཡིས་གཞུང་གི་རྩ་ཁྲིམས་ནང་སུ་ལའང་ཁོང་གི་ཐག་གཅོད་ལ་འགོག་རྐྱེན་དང་ཕྱིར་བསྡུ་བྱེད་པའི་དབང་ཚད་མེད་ཅེས་བཀོད་པ་ཕྱིར་བསྒྲགས་བྱས་པ་ལ་བརྟེན་ནས། མང་ཚོགས་ཀྱིས་ཐག་གཅོད་དེ་ཕྱིར་འཐེན་བྱ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་འདུག
གཟའ་པ་སང་ཉིན་ནས་ངོ་རྒོལ་བ་མང་པོ་ཞིག་གིས་རྒྱལ་ས་ཁཱའེ་རོ་ཡི་ཊཱ་རཱེར་ཐང་ཆེན་(Tahrir Square) དུ་གུར་བརྒྱབ་སྟེ། མི་མང་གི་དགོས་འདུན་མ་འགྲུབ་པར་དུ་ངོ་རྒོལ་བྱེད་ཀྱི་ཡིན་པར་བརྗོད་ཡོད་ལ། མི་མང་ཁྲོད་འདས་པའི་ཟླ་དྲུག་ལྷག་གི་རིང་གཞུང་འཛིན་ཁ་ཆེ་སྤུན་ཟླ་ཚོགས་པ་དང་། དེའི་འོས་མི་སྲིད་འཛིན་མཱུར་སེ་ཡི་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་མུ་བྷ་རག་སྲིད་གཞུང་གཉིས་པ་ཞིག་ཆགས་ཡོད་པའི་སྐྱོན་བརྗོད་ཤུགས་ཆེར་ཡོང་གི་ཡོད་འདུག ཐེངས་འདིའི་ངོ་རྒོལ་ནི་མུ་བྷ་རག་མགོ་རྟིང་སློག་རྗེས་ཀྱི་ངོ་རྒོལ་ཤུགས་ཆེ་ཤོས་དེ་ཆགས་ཡོད་འདུག
ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་ཁྲིམས་རྩོད་པ་དང་གསར་འགོད་པ། སྤྱི་ཚོགས་ལས་འགུལ་བ་སོགས་ཀྱང་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལོ་སྔོན་མར་སྲིད་དབང་སྒེར་འཛིན་པ་མུ་བྷ་རག་(Mubarak) མགོ་རྟིང་སློག་ཆེད་གསར་བརྗེ་ངོ་རྒོལ་བྱུང་ཡོད་པ་ལྟར། ད་ལྟ་བསྐྱར་དུ་སྲིད་དབང་སྒེར་འཛིན་པ་ཞིག་མི་དགོས་པའི་འབོད་ཚིག་སྒྲོག་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
དངོས་གནས་ཆབ་སྲིད་ཀྱི་ལོ་རྒྱུས་ངོས་ལ་ཡང་འདི་འདྲ་དག་དག་གིས་གང་ནས་ཡོད། གཅིག་གི་མ་ཉན་དེ་མགོ་སྟིང་སློག དེས་མ་ཉན་དེ་ཡང་མགོ་སྟིང་སློག་པ་འདི་ནི་ཆབ་སྲིད་ཀྱི་ཆོས་ཉིད་རང་བཞིན་ཞིག་ཡིན་པ་རེད་སྙམ།།