གཟའ་ཟླ་བའི་ཉིན་སྲིད་འཛིན་ཨོ་བ་མས་སེ་རི་ཡའི་གཞུང་ལ་རྡུལ་མཚོན་བཟོ་སྐྲུན་དང་བེད་སྤྱོད་བྱས་ཚེ། བྷ་ཤར་གྱིས་མཇུག་འབྲས་ཚབས་ཆེན་འཁུར་དགོས་པའི་ཉེན་བརྡ་བཏང་ཡོད།
ཁ་སང་ཕྱི་ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས། དུས་རབས་ཉུ་ཤུ་བའི་རྡུལ་མཚོན་ནི་དུས་རབས་ཉེར་གཅིག་པའི་ནང་ཁྱེར་ཡོང་ས་མེད་ཚུལ་དང་། ལྷག་པར་དུ་སེ་རི་ཡའི་སྲིད་འཛིན་བྷ་ཤར་(Bashar al Assad) དང་ཁོང་གི་ཕྱོགས་ཁག་ལ་གལ་སྲིད་མང་ཚོགས་སྟེང་རྡུལ་མཚོན་བེད་སྤྱོད་བཏང་ཚེ། སྲིད་འཛིན་བྷ་ཤར་གྱིས་མཇུག་འབྲས་ཚབས་ཆེན་འཁུར་དགོས་པའི་ཉེན་བརྡ་བཏང་འདུག
སེ་རི་ཡའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨོ་བྷ་མའི་ཉེན་བརྡ་དེར་ལན་འདེབས་བྱས་པའི་ནང་། སེ་རི་ཡར་དེ་འདྲ་རྡུལ་མཚོན་ཞིག་ཡོད་པའི་དབང་དུ་བཏང་ཡང་། སོ་སོའི་མང་ཚོགས་སྟེང་གནས་བབ་གང་འདྲ་ཞིག་གི་འོག་ནས་ཀྱང་བེད་སྤྱོད་གཏོང་གི་མ་རེད་ཅེས་བརྗོད་འདུག
སེ་རི་ཡའི་ནང་ཡོད་པའི་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་ཀྱི་དམིགས་བསལ་ལྟ་ཞིབ་མི་སྣ་ཚོས། དེང་སྐབས་སེ་རི་ཡའི་ནང་གི་གནས་བབ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག་ལ། ཨ་རབ་མཐུན་ཚོགས་ཀྱིས་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས། ད་ལྟའི་སེ་རི་ཡའི་སྲིད་གཞུང་མགོ་རྟིང་སློག་ངེས་ཡིན་སྐོར་བསྒྲགས་ཡོད།
ཕྱི་ཚེས་ ༢ ཉིན་ཊུར་ཀེ་(Turkey) ཡིས་ཎ་ཊོ་(Nato) མཉམ་འབྲེལ་དམག་གི་སྒྲིག་འཛུགས་ལ། དེང་སྐབས་སེ་རི་ཡའི་མཐའ་མཚམས་ཁག་ནས་རྡུལ་མཚོན་གྱི་འཇིགས་སྐུལ་བྱེད་ཀྱི་ཡོད་སྟབས། ཎ་ཊོ་དམག་གི་རྒྱབ་རོགས་ཡོང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།