དེ་རིང་རྒྱ་གཞུང་གིས་བོད་མདོ་སྨད་རེབ་གོང་རྩེ་ཁོག་ཏུ་བོད་མི་ ༥ འཇུ་བཟུང་བཙན་ཁྲིད་བྱས་འདུག
ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཞོགས་པ་ནམ་མ་ལངས་གོང་གི་མཚན་ཙམ་ལ་རྒྱ་གཞུང་ཉེན་རྟོག་པས། བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་དམེ་སྐོར་སྡེ་བའི་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ཚང་གི་ཨ་མཆོད་རང་ལོ་ ༤༢ ཡིན་པ་གྲྭ་དགེ་འདུན་འཇམ་དབྱངས་དང་། དེ་བཞིན། དམེ་སྐོར་སྡེ་བའི་རང་ལོ་ ༤༧ ཡིན་པ་རྡོ་ཁོ་སྐྱབས་དང་ཁོང་གི་བུ་རང་ལོ་ ༡༩ ཡིན་པ་ཆོས་འཕེལ་དར་རྒྱས། དོ་བྷེ་ཚང་གི་རང་ལོ་ ༢༦ ཡིན་པ་གྲྭ་ཆོས་འཛིན། དེ་མིན་རང་ལོ་ ༢༧ ཡིན་པའི་གྲྭ་ཆོས་འཕེལ་བློ་བཟང་བཅས་འཇུ་བཟུང་བཙན་ཁྲིད་བྱས་འདུག
གཞན་ཡང་། ཁ་སང་ཕྱི་ཚེས་ ༡༣ ཉིན་རྩེ་ཁོག་རྫོང་མགོན་ཤུལ་བར་སྐོར་གྱི་སྐུ་གཤེགས་རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མ་ཚང་གི་མག་པ་རང་ལོ་ ༢༦ ཡིན་པ་སྟོབས་རྒྱས་ཀྱང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
དུས་བབ་ཚང་ལགས། གསང་འགྱུར་འདིའི་མགོ་བརྗོད་དུ་༼རེབ་གོང་དུ་བོད་མི་འཇུ་བཟུང་།༽ཞེས་འཁོད་འདུག་ འོན་ཏེ་ནང་དོན་ལ་རྩེ་ཁོག་ཏུ་བོད་མི་བཙན་ཁྲིད་བྱས་འདུག། དེ་ན་རེབ་གོང་དང་རྩེ་ཁོག་ནི་རྨ་ལྷོ་བོད་རིགས་རང་ལྗོངས་ཁུལ་གི་རྫོང་ཁག་སོ་སོ་ཡིན་པ་ལས་ རེབ་ཁོང་རྫོང་ནང་རྩེ་ཁོག་ཞེས་པའི་ཤང་དང་གྲོང་ཚོ་གཅིག་ཀྱང་མེད་སྟབས་ཁྱེད་རྣམས་པས་ས་གནས་སོ་སོའི་མིང་དང་ཁུང་རྟོགས་གང་ཡིན་མིན་ཀློག་པ་པོ་རྣམས་མ་འཁྲུལ་བ་ཞིག་འབྲི་རོགས་གནང་།