གཟའ་ཉི་མའི་ཉིན་སྐབས་དགུ་བའི་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་ཀྱི་བགྲོ་གླེང་ཚོགས་འདུ་སུད་སི་གྲོང་ཁྱེར་འཛུ་རིག་ཏུ་ཚོགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ པོ་ནས་ ༧ པའི་བར་སྐབས་དགུ་བའི་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་ཀྱི་བགྲོ་གླེང་ཚོགས་འདུ་སུད་སི་འཛུ་རིག་གྲོང་ཁྱེར་གྱི་ཝེ་ཁེལ་སི་ (volkshaus) ཚོགས་ཁང་གི་ནང་དུ་ཚོགས་ཡོད་འདུག་ལ། བགྲོ་གླེང་ཚོགས་འདུ་དེར་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དང་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་རྣམ་གཉིས་གཙོས། ཆོལ་ཁ་གསུམ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་མི་མང་ཚོགས་པའི་ས་གནས་མཐུས་མི། དེ་བཞིན། བོད་དོན་ལ་དོ་སྣང་དང་ཕྱག་ལས་གནང་མཁན་གྱི་མི་སྣ་བཅས་ཁྱོན་མི་ ༦༤ ལྷག་འདུ་འཛོམས་བྱུང་འདུག
ཀླུ་རྒྱལ་དོན་གྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། བགྲོ་གླེང་ཚོགས་འདུའི་ཐོག་ཚོགས་ཞུགས་པ་ཚོས་༧གོང་ས་མཆོག་གིས་ཐུགས་ཕན་གྱི་བཀའ་སློབ་གནང་བའི་ཐོག་རང་ཉིད་ལ་བསམ་ཚུལ་ཅི་ཡོད་དང་། མ་འོངས་པར་ཡིད་སྐྱོ་བའི་གནས་ཚུལ་དེའི་རིགས་མུ་འབྱུང་ཆེད་རང་ངོས་ནས་སྤྱི་ཚོགས་ལ་འགན་ཇི་ལྟར་ལེན་མིན་སོགས་ཀྱི་ཐད་རང་ངོས་ནས་བསམ་ཚུལ་བརྗོད་ཡོད་པ་དང་། དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཡུ་རོབ་གནས་སྡོད་བོད་མིའི་གནས་སྟངས་དང་ལས་འགུལ་གྱི་ནུས་པ་མཐོར་འདེགས་ཇི་ལྟར་གཏོང་མིན་ཐད་མི་མང་གི་དྲིས་བ་ལན་འདེབས་སྐབས། བོད་མི་ཚོའི་ངོས་ནས་སྐད་འབོད་ཁོ་ནར་དོ་སྣང་བྱ་རྒྱུ་མ་ཡིན་པར། ལས་འགུལ་གྱི་ངོ་བོ་གོང་འཐོར་གཏོང་རྒྱུ་དང་ལས་འགུལ་འདྲ་མིན་ནང་ཆ་ཤས་ལེན་རྒྱུ། བོད་མིའི་ནང་ཁུལ་དུ་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། མ་འོངས་པར་དཔལ་འབྱོར་འཚོ་སྒྲུབ་བྱས་ཏེ། སུད་སིའི་ཉིན་རེའི་ཚགས་པར་སོགས་ཀྱི་ཤོག་ངོས་གཅིག་རེའི་སྟེང་བོད་ནང་གི་མེར་བསྲེཊ་གནས་ཚུལ་གཙོས། བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་པར་བསྐྲུན་འགྲེམས་སྤེལ་གྱིས་མི་མང་ལ་གོ་རྟོགས་སྤེལ་རྒྱུ། བགྲོ་གླེང་འདྲ་མིན་གྱི་ལམ་ནས་མི་མང་ལ་གོ་རྟོགས་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་གསུངས་སོང་།
ཐེངས་འདིའི་བགྲོ་གླེང་འདི་ནི་ ༢༠༡༢ ལོའི་མཇུག་བསྡོམས་ཀྱི་ཚུལ་དུ་ཚོགས་པ་ཞིག་ཡིན་འདུག་ལ། བགྲོ་གླེང་འདི་བརྒྱུད་དེ་གནད་ཡོད་མི་སྣ་དང་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་མི་མང་གི་ངོས་ནས་གོ་སྒྲིག་པར་རྒྱབ་སྐྱོར་མཐུན་འགྱུར་གནང་རྒྱུ་དང་། མ་འོངས་པར་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་མི་མང་ནང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་དགོས་པའི་རེ་བ་དང་འབོད་སྐུལ་ཡང་གནང་ཡོད་འདུག