དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པར། མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པ་དེ་ལྡི་ལིར་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོའི་རྗེས་དྲན་ཚོགས་ཁང་ནང་འཚོགས་མགོ་བརྩམས་ཡོད་འདུག
ཚོགས་འདུ་དབུ་འཛུགས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་སྒྲིག་འཛུགས་ཀྱི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ཕེབས་ཡོད་པ་དང་། ཁོང་གིས་གསར་དུ་འཛུགས་སྐྲུན་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དཔའ་བོའི་རྗེས་དྲན་ཚོགས་ཁང་དབུ་འབྱེད་དང་གསུང་བཤད་གནང་ཡོད་འདུག
ཐེངས་འདིའི་ཚོགས་ཐོག་ཏུ། མདོ་སྟོད་ཀྱི་སྤྱི་འཐུས་ ༩ དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ ༥ བཅས་ལས་ཐོགས་སྤྱི་འཐུས་ ༡༤ བཅས་གཙོས་པའི་དབུས་ཆུ་སྒང་གི་རྒྱུན་ལས་རྣམ་པ་དང་། དྷི་ལི་ས་གནས་མགོ་འཛིན་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བརྒྱ་འཐུས། ས་གནས་གཞོན་ནུའི་ཚོགས་གཙོ་གཞོན། ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ། གཞན་ཡང་ས་གནས་ཁག་མི་འདྲ་བ་ ༣༢ ཀྱི་ས་གནས་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་གཉིས་རེ་བཅས་ཆེད་བཅར་གྱིས་ཁྱོན་ཚོགས་མི་བརྒྱ་ལྷག་འདུ་འཛོམས་བྱུང་ཡོད་འདུག
ལྡི་ལིའི་སྐུ་ཚབ་དོན་གཅོད་སྐུ་ངོ་བསྟན་པ་ཚེ་རིང་མཆོག་གིས་ཚོགས་ཁང་དབུ་འབྱེད་གྲུབ་རྗེས་དབུས་ཆུ་སྒང་གི་ཚོགས་གཙོ་སྤྱི་ཟུར་པད་མ་བདེ་ལེགས་མཆོག་གིས། ཚོགས་ཁང་གསར་སྐྲུན་གནང་དགོས་དོན་གཙོ་བོ་ནི། རྒྱ་གར་རྒྱལ་ས་ལྡི་ལིར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་དང་ཟབ་སྦྱོང་སོགས་སྤེལ་སའི་ལྟེ་གནས་ཡིན་པ་དང་། དེ་དག་ལ་ཚོགས་ཁང་དགོས་གལ་བྱུང་ཚེ་ལྡི་ལིའི་གྲོང་འཁྱེར་ནང་གླ་དགོས་པ་སོགས་ཀྱི་དཀའ་ངལ་ཆེ་སྟབས། མ་འོངས་པར་དཀའ་ངལ་དེ་རིགས་སེལ་བའི་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བཅས་བརྗོད་ཡོད་འདུག
དེའི་རྗེས་བཀའ་ཟུར་དོན་གཅོད་བསྟན་པ་ཚེ་རིང་མཆོག་གིས། ད་ལྟའི་སྐབས་བོད་ནང་ཛ་དྲག་གི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱིས་འཛམ་གླིང་ཐོག་ཁྱབ་ཐུབ་པ་བྱ་རྒྱུ་གལ་ཆེན་ཆགས་ཡོད་པ། དེ་འདྲའི་ལས་དོན་ཆེད་བསམ་བློ་བརྗེ་རེས་བྱེད་པར་ས་གནས་འདིར་བོད་པ་རང་ལ་ཚོགས་ཁང་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་པ། ཚོགས་ཁང་འདི་རིགས་ཀྱིས་ཚོགས་པར་དཔལ་འབྱོར་འདུ་འགོད་ཐོག་ཕན་ཐོགས་ཡོད་པ་མ་ཟད། ཚོགས་པ་སྒྲིག་འཛུགས་དང་མི་མང་གི་ལས་འགུལ་རིགས་སྤེལ་སྐབས་ཀྱང་ཕན་ཐོགས་ཆེན་པོ་ཡོད་སྟབས་སྤྱི་ཚོགས་སྲི་ཞུའི་ཐོག་དགེ་མཚན་ཆེན་པོ་ཡོད་སྐོར་སོགས་གསུངས་ཡོད་འདུག
དེའི་རྗེས་དབུས་ཆུ་སྒང་གི་ལོ་འཁོར་ལས་བསྡོམས་དང་བྱུང་སོང་རྩིས་ཁྲ་སྙན་སྒྲོན་ཞུས་ཡོད་པ་དང་། ཚོགས་འདུ་དངོས་གཞིའི་ཐོག་ཚོགས་ཞུགས་པ་ཚོས་ལས་བསྡོམས་ཐོག་དོགས་འདྲི་དང་། ༸རྒྱལ་བའི་སྐུ་ཕྱྭའི་སྐོར་ལ་བཀའ་བསྡུར། མ་འོངས་པར་སྒྲིག་འཛུགས་ཚགས་ཚུད་ཡར་རྒྱས་གཏོང་ཕྱོགས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་ཕྱོགས། མ་འོངས་ལོ་གཅིག་གི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་གནང་ཕྱོགས་བཅས་ཀྱི་ཐོག་ཉིན་གསུམ་རིང་བགྲོ་གླེང་གཏན་འབེབས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།