གཟའ་སྤེན་པའི་དགོང་མོ་རྔ་པ་ཀིརྟི་དགོན་པའི་གྲྭ་ཚེ་དཔག་ཞུ་བ་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་འཁྲིད་ཅི་ཆགས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཚེས་ ༩ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་ཞུ་བ་ཁོང་། དགོན་པའི་ཤར་ཕྱོགས་ཉེ་འཁྲིས་ཀྱི་གྲོང་པའི་ནང་སྲུང་མོ་ནད་པ་ཞིག་གི་ནད་གཡོག་ལ་བསྡད་ཡོད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག འོན་ཀྱང་། ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་ལ་ཉེས་འཛུགས་ག་རེ་བྱས་ཡོད་མེད་དང་། གར་ཡོད་གར་ཁྲིད་ཤེས་རྟོགས་ཐུབ་མི་འདུག
གྲྭ་ཚེ་དཔག་ནི་རང་ལོ་ ༢༩ ། ཕ་མིང་ལ་དོན་འགྲུབ་(གྲོངས་ཟིན)། མ་མིང་ལ་དོན་དེ་ཟེར། ཁོང་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་སྐབས་དབུ་མ་ལོ་རིམ་གསུམ་པའི་འཛིན་གྲྭར་སླེབས་ཡོད་འདུག
དེ་སྔོན་ཁོང་པེ་ཅིན་མི་རིགས་སློབ་གྲྭ་ནང་ཟུར་ཞུགས་སྐབས་ཏེ། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་སློབ་ཆེན་དེའི་ནང་ནས་འཛིན་བཟུང་བྱས་ཏེ་ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བོ་ཆགས་མེད་ཅིང་། རྗེས་སུ་ཤེས་རྟོགས་བྱུང་བར་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག