གསུམ་བཅུའི་དུས་དྲན་སྐབས་ཁྲི་འདུ་ཁང་དམར་སྡེ་བའི་མང་ཚོཊ་ཀྱིས། བྲག་ངོས་སུ་༸རྒྱལ་བའི་གསོལ་འདེབས་ཡི་གེ་བརྐོས་པར་རྫོང་དམག་མིས་ཆབ་སྲིད་ལ་ཁ་གཡར་ཏེ་ནག་བསུབ་བཏང་འདུག
ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ དང་སྟབས་བསྟུན། མཚོ་སྔོན་ཞིང་ཆེན་ཁྲི་འདུ་རྫོང་རྫ་སྟོད་ཤང་ཉ་མཚོ་ཁང་དམར་སྡེ་བའི་བོད་རིགས་མང་ཚོགས་ཀྱིས། ས་གནས་དེའི་བྲག་ངོས་ཤིག་ཏུ་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་ཏེ། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་པའི་ཚིགས་བཅད་ཅིག་བརྐོས་ཡོད་པར། རྫོང་སྲིད་གཞུང་གིས་ཡི་གེ་དེ་ཆབ་སྲིད་ཚོར་བ་རྣོ་བའི་ཚིག་ཅིག་ཡིན་ཚུལ་བཤད་དེ། འཕྲལ་དུ་དམིག་མི་ཁག་ཅིག་ཆེད་གཏོང་གིས་ནག་བསུབ་གཏོང་དུ་བཅུག་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་གསུམ་བཅུའི་དུས་དྲན་མ་སླེབས་ཙམ་ལ། རྒྱ་གཞུང་གིས་ཁྲི་འདུ་རྫོང་ས་གནས་མང་ཚོགས་བསྡུ་བསྐོ་བྱས་ཏེ། དུས་དྲན་སྐབས་མི་སུ་ཡིན་རུང་བོད་ཀྱི་ཕྱི་ཕྱོཊ་སུ་ཁ་པར་དང་བརྒྱུད་ལམ་གང་རུང་ཐོག་འབྲེལ་བ་བྱ་མི་ཆོག་པ་དང་། ཁ་པར་ཐོག་འབྲེལ་བ་བྱེད་མཁན་ཚོར་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་ཚོས་ལྐོག་ཉན་བྱེད་ཀྱི་ཡོད་པར་མ་ཟད། ལྐོག་ནས་ཕྱི་ལ་གནས་ཚུལ་སྐྱེལ་མཁན་ཚོར་སྲིད་གཞུང་གིས་ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་འདུག
གསར་འགོད་པ། དཔལ་ལྡན།