རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེཊ་ལ་རྒྱུད་སྐུལ་བྱས་ཡོད་པའི་ཉེས་འཛུགས་འོག་བོད་མདོ་སྨད་མཚོ་སྔོན་གྱི་བོད་མི་གསུམ་ལ་ཁྲིམས་ཐག་བཅད་འདུག
ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་ལ་རྒྱུད་སྐུལ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་བསྒྲུབ་པའི་ཉེས་མིང་འོག་བོད་མི་འཇིགས་མེད་ཐབས་མཁས་ཞུ་བར་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་དང་། ལོ་ ༣ རིང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་། སྐལ་བཟང་དོན་འགྲུབ་ཞུ་བར་ལོ་ ༦ གི་བཙོན་འཇུག་ཁྲིམས་ཆད་དང་ལོ་ ༤ ཚབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག བློ་བཟང་ཞུ་བར་ལོ་ ༤ ཁྲིམས་ཆད་དང་ལོ་ ༢ ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཡོད་སྐོར་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གཞུང་གིས། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་དུ་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རིན་ཆེན་ལགས་དང་། བསོད་ནམས་དར་རྒྱས་ལགས་རྣམ་གཉིས་ཀྱི་རང་སྲེག་གནས་ཚུལ་ལ་རྒྱུད་སྐུལ་བྱས་ཡོད་པའི་ཐད་ནས་བོད་མི་ཁག་ཅིག་ལ་ཉེས་འཛུགས་བྱས་ཡོད་འདུག