མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་རང་བཙན་ལྟ་བ་དང་རང་བཙན་ཚོགས་འདུའི་དཀའ་རྙོག

བོད་ཀྱི་དུས་བབ།
༢༠༡༣/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་མིན་དང་ངྷ་སར་རང་བཙན་ཚོགས་འདུ་སྐོང་མིན་ཐོག་ས་གནས་ཁག་ཏུ་དགོངས་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད་འདུག

ཉེ་བའི་ལོ་འགའི་ནང་བོད་རང་བཙན་དང་དབུ་མའི་ལམ་གྱི་སྐོར་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་ས་ལུ་སྒར་དུ་བཀའ་རྡོར་སྒང་གསུམ་མི་མང་ལ་དབུ་མའི་ལམ་གྱི་བྱུང་རིམ་དང་གྲུབ་འབྲས་སྐོར་ལ་བཀའ་སློབ་གནང་རྗེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་ཏུ། གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་མ་འོངས་པར་འགྱུར་བ་གཏོང་དགོས་མིན་དང་། ངྷ་རམ་ས་ལར་དབུས་གཞོན་ནུའི་གོ་སྒྲིག་འོག་རང་བཙན་ཚོགས་འདུ་ཞིག་བསྡུ་སྐོང་གནང་འཆར་ཡོད་པ་དེ་ཕྱིར་འཐེན་བྱེད་དགོས་མིན་བཅས་ཀྱི་ཐོག་བསམ་ཚུལ་སྣ་ཚོགས་འབྱུང་བཞིན་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་ ༥ པའི་ཚེས་ ༢༣ ། ༢༤ ། ༢༥ བཅས་ཉིན་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར། རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པ་དེ་ཕྱིར་བསྡུ་བྱས་ཡོད་འདུག་པ་དང་། ལོ་ལྟར་གཞོན་ནུའི་ཚོགས་ཆེན་དེ་ཕྱི་ཟླ་བརྒྱད་པ་དགུ་བའི་ནང་འཚོགས་བཞིན་ཡོད་ཀྱང་། འདི་ལོའི་ཚོགས་ཆེན་དེ་ཕྱི་ཟླ་ ༥ པའི་ཚེས་ ༢༦ ཉིན་ངྷ་སར་འཚོགས་རྒྱུ་ཡིན་འདུག ད་རེབ་ཚོགས་འདུའི་སྟེང་སྐབས་བཅོ་ལྔ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་འོས་འདེམས་བྱ་རྒྱུ་ཡིན་འདུག

ཧུན་སུར་ས་གནས་གཞོན་ནུའི་རྒྱུན་ལས་ཚེ་དབང་བསྟན་འཛིན་ལགས་ཀྱིས་གནང་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་དང་བདེ་སླར། མོན་གྷོ། ཧུན་སུར། ཀོ་ལི་སྒར་བཅས་ཀྱི་ས་གནས་གཞོན་ནུའི་རྒྱུན་ལས་ ༣༠ ཙམ་སྦེལ་ཀོབ་ཏུ་ཚོགས་འདུ་ཚོགས་ཏེ་གྲོས་ཆོད་དོན་ཚན་ ༢ བཞག་ཡོད་པ་ལས། དང་པོ། ཕྱི་ཟླ་ ༥ཚེས་ ༢༣ ཉིན་ངྷ་རམ་ས་ལར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རང་བཙན་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དེ་ཕྱིར་འཐེན་བྱ་དགོས་པ་དང་། གཉིས་པ། ཉིན་བཅུའི་ནང་ཚུན་དུ་དབུས་གཞོན་ནུའི་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་དགོས་པ་བཅས་བཞག་ཡོད་འདུག

ངྷ་རམ་ས་ལའི་ས་གནས་གཞོན་ནུས་འདི་ག་གསར་ཁང་ལ་གནས་ཚུལ་བཏང་འབྱོར་ལ། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ངྷ་རམ་ས་ལ་དང་ལྡི་ལི། སིམ་ལ། ཅོང་ངྷ་ར་བཅས་ས་གནས་ ༤ ཡི་གཞོན་ནུའི་རྒྱུན་ལས་ ༩ ཙམ་ངྷ་རམ་ས་ལར་ཚོགས་ཏེ། གྲོས་གཞི་གཉིས་ཀྱི་ཐད་སྤྱི་མོས་གྲོས་ཚོད་དོན་ཚན་དགུ་བཞག་ཡོད་པ་ལས། གྲོས་གཞི་དང་པོ་༧གོང་ས་མཆོག་གིས་ལ་དྭགས་དང་ས་ལུ་སྒར་སོགས་སུ་བཀའ་སློབ་བསྩལ་བའི་ཐད། ༧གོང་ས་མཆོག་ནས་དམིགས་དཀར་གྱིས་གཞོན་ལྷན་གྱི་རང་བཙན་གཙང་མའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་ཕེབས་མྱོང་མེད་སྟབས་གཞོན་ལྷན་ནས་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་བརྟན་པོར་འཛིན་དགོས་པ་དང་། གཞོན་ལྷན་གྱིས་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་བརྟན་པོར་འཛིན་དགོས་ཀྱང་མཁྲེགས་བཟུང་མ་བྱས་པར་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་གུས་བརྩི་ཞུ་དགོས་ཚུལ་སོགས་བཀོད་འདུག

གྲོས་གཞི་གཉིས་པ་རང་བཙན་ཚོགས་འདུ་འཚོགས་དགོས་མིན་ཐད། གཞོན་ལྷན་གྱིས་ ༢༠༡༠ ཚོགས་ཆེན་སྐབས་གལ་ཆེན་དོན་ཆེར་བཞག་པའི་གྲོས་ཆོད་འོག རྒྱལ་སྤྱི་རང་བཞིན་ལྡན་པའི་རང་བཙན་ཚོགས་འདུ་ཞིག་གཞོན་ལྷན་གྱིས་གོ་སྒྲིག་ཞུ་གཏན་འཁེལ་བར་བརྟེན། བར་ལམ་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་བ་འགར་སྔོན་འགྲོའི་ཚོགས་ཆེན་ཐེངས་ ༤ ཚོགས་རྗེས་རིང་མིན་ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཉིན་གསུམ་རིང་རྒྱལ་སྤྱི་རང་བཞིན་ལྡན་པའི་ཚོགས་འདུ་འཚོགས་རྒྱུ་དེ་འཆར་གཞི་ལྟར་འཚོགས་ཐུབ་པ་གནང་གལ་ཆེ་བ་དང་། ༧གོང་ས་མཆོག་གིས་གཞོན་ལྷན་མིང་འབོད་གནང་སྟེ་ཐུགས་ཕམ་བྱུང་པའི་བཀའ་སློབ་ཕེབས་པ་གཞོན་ལྷན་གྱིས་གལ་ཆེར་རྩིས་ཐོག གཞོན་ལྷན་གྱི་ལངས་ཕྱོགས་འཛིན་སྟངས་དང་ལས་འགུལ་སྤེལ་ཕྱོགས་སོགས་ལ་ནོར་འཁྲུལ་ཤོར་ཡོད་མེད་བསྐྱར་ཞིབ་གནང་གལ་ཆེ་བས་ངེས་པར་དུ་ཛ་དྲག་ཚོགས་འདུ་ཞིག་སྐོང་གལ་ཆེ་བ་སོགས་བཀོད་འདུག

ཁ་པར་བརྒྱུད་རྒྱ་གར་ལྷོ་བྱང་བདེ་སྐྱིད་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་ཀརྨ་ཆོས་གྲགས་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་གར་ལྷོ་བྱང་བདེ་སྐྱིད་གླིང་དང་སྤོན་ཊ། པུ་རི་ཝ་ལཱ། ཧ་པར་པུར། མཱ་སུ་རི། རཱ་ཇི་པུར། ཚེ་རིང་དོན་ལྡན་གླིང་བཅས་ས་གནས་ ༧ གྱི་གཞོན་ནུའི་རྒྱུན་ལས་ ༡༦ ཙམ་བདེ་སྐྱིད་གླིང་དུ་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་རིང་མིན་ངྷ་རམ་ས་ལར་འཚོགས་འཆར་གྱི་རང་བཙན་ཚོགས་འདུ་དེ་ཕྱིར་འགྱངས་བྱེད་དགོས་པའི་འབོད་སྐུལ་གྲོས་ཆོད་གཅིག་བཞག་ཡོད་འདུག

ས་གནས་གསར་འགོད་པའི་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཟླ་ ༥ ཚེས་ ༥ ཉིན་ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སེ་ས་གནས་གཞོན་ནུའི་ཚོགས་འདུ་ཞིག་བསྐོངས་ཏེ་བསམ་ཚུལ་བསྡུས་ཡོད་འདུག སྐབས་དེར་གཞོན་ནུ་ལྷན་ཚོགས་ཐོག་གླེང་ཕྱོགས་འདྲ་མིན་ཡོང་གི་ཡོད་པ་དང་མི་མང་གི་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ནི། གཞོན་ནུས་རང་བཙན་བརྩད་པའི་རྒྱུ་མཚན་གྱིས་བྱུང་བ་ཞིག་མིན་པར། འདོགས་ཁྱི་ལྟ་བུའི་མི་ངན་མི་རེ་ཟུང་གིས་གཞོན་ནུའི་སྡིངས་ཆ་སྤྱད་དེ། ༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏོང་གི་ཡོད་པ་དེས་གཞོན་ནུར་མིང་ཆལ་ཕོག་གི་ཡོད་པ་དང་། མི་སྒེར་དང་ཚོགས་སྡེ་སུ་ཞིག་ཡིན་རུང་དམིགས་འབེན་རྒྱ་ནག་ལ་བཟུང་ནས་རྩ་དོན་རྩོད་དགོས་པ་ལས་༧གོང་ས་མཆོག་དང་བོད་གཞུང་གི་ཁ་གཏད་དུ་ལངས་བསྡད་ན་དེར་མང་ཚོགས་ཀྱིས་རྒྱབ་སྐྱོར་མི་བྱེད་པ། རང་སྐྱོང་ལྗོངས་ཟེར་པ་དང་དབུ་མའི་ལམ་གཉིས་ལ་ཁྱད་པར་མཐོང་གི་མེད་སྟབས་གཞོན་ནུའི་ངོས་ནས་རང་བཙན་དོར་མི་རུང་བའི་སྐོར་སོགས་ཀྱི་བསམ་ཚུལ་བྱུང་ཡོད་འདུག

མཇུག་ཏུ་ནེའུ་ཡོག་ས་གནས་གཞོན་ནུའི་ཚོགས་གཙོ་འཕྲིན་ལས་སྐལ་བཟང་ལགས་ཀྱིས། མི་རེ་ཟུང་༧གོང་ས་མཆོག་གི་ཁ་གཏད་དུ་ལངས་ནས་རྩོམ་ཡིག་སྣ་ཙོགས་སྤེལ་བ་མ་ཟད། གཞོན་ནུའི་སྡིངས་ཆ་བེད་སྤྱད་དེ་༧གོང་ས་མཆོག་ལ་མཚན་སྨོད་ཟུར་ཟ་བྱས་དང་བྱེད་བཞིན་པ་དང་། གྲོས་ཚོགས་ར་བ་ནས་ཀྱང་༧གོང་ས་མཆོག་ལ་ཐུགས་ཕམ་བཟོ་གཞིའི་སྐད་ཆ་བཤད་པ་སོགས་ལ་བརྟེན་ཏེ། ༧གོང་ས་མཆོག་གིས་གནད་དོན་རེ་ཟུང་ཐད་བཀའ་མི་གནང་ཐབས་མེད་བྱུང་བ་གཞོན་ནུས་ངོས་ལེན་དང་མ་འོངས་པར་དེའི་རིགས་མི་འབྱུང་བ་བྱ་ཆེད་ད་རེབ་མི་མང་གི་དགོངས་འཆར་ཁག་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ཚོགས་འཆར་གྱི་གཞོན་ནུའི་ཚོགས་ཆེན་སྟེང་བསླེབ་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༤ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 11

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    Ser drug deny’said མ་གཞི་རྒྱ་གར་ནང་བརྟེན་གཞི་བྱས་པའི་གཞོན་ནུ་ལྷན་ཚོགས་ནང་རྒས་པོ་རྒས་མོས་ཁེངས་སྡད་པ་དེ་ཚོ་ད་ཆ་རྒས་ཡོལ་འགྲོ་དགོས་ཚོད་ཡིན། འདི་ཚོས་བོད་ཀྱི་མི་རབས་གསར་པ་གཞོན་ནུ་དང་གཞོན་ནུ་མའི་མདུན་ལམ་དང་དམིགས་ཡུལ་ཡོད་ཚད་རྟ་ལམ་བོང་བུས་བཀགས་བསྡད་པ་མ་ཚད། ད་ཆ་མི་རབས་གསར་པའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་ལང་ཕྱོགས་ཕུགས་འདུན་བཅས་པ་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས་བཤད་ནས་གཏོར་བླགས་གཏོང་རྩིས་ཀྱི་ཇུས་ངན་གནམ་ས་ཁེངས་པ་ཞིག་བཤམས་རྩིས་ཡོད་པ་རེད། མ་གཞི་རྒས་པོ་རྒས་མོ་འདི་ཚོ་འཆི་ཁར་རང་ཡུལ་དྲན་ནས་ལོ་མང་འཐབ་རྩོད་བྱས་པའི་འབྲས་བུ་མ་སྨིན་གོང་ནས་བློས་བཏང་གིས་ད་ཆ་ཀྲུང་གོས་གཞིས་འགུགས་བྱུང་ན་སྙམ་པ་ནི་ཅི་ཁག། ཁ་རྒྱུན་ལ་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་བྱས་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཀྲུང་གོས་ཡུལ་བགྱར་ངོ་ལོག་ཤོག་ཁག་གཞིས་འགུགས་བྱ་རྩིས་ཀྱི་འཆར་གཞི་ཞིག་པེ་ཅིང་གི་བསམ་བློའི་ནང་ཕར་ཟད་རྨི་ལམ་ལ་ཡང་འཁོར་མྱོང་མེད་པ་དེ་རེད། འོན་་ཀྱང་བོད་མི་རིགས་འདི་ཡོད་ཚད་རེ་བར་བཅོལ་བའི་ལམ་ལུགས་རྒྱུན་འཛིན་འོག་ད་དུང་རེ་ཐག་མ་ཆད་བར་མིག་གཉིས་ཀ་བཀབ་ནས་འགྲོ་རྒྱུ་ནི་སྨྲོས་མེད་རེད། ཁ་རྒྱུན་ལ། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས། ཞེས་པ་ལྟར་ཕོངས་ས་འདི་གཉིས་ལས་ནམ་ཡང་རྒལ་ཐུབ་ཀྱི་མ་རེད་དོ། it’s true. They don’t need Tibet. They need China.

    Reply
  2. འཇམ་གཅེས ། says:
    ལོ་ 13 སྔོན།

    དེང་གི་དུས་འདིར་རང་རིགས་མི་ཉུང་བ་ཞིག་ནས་བརྒྱུད་ལམ་འདྲ་མིན་ནང་དུ་དབུ་རང་ གི་རྩོད་གླེང་མི་ཉུང་བ་ཞིག་གནང་བཞིན་འདུག་པས་ངས་ཀྱང་དེ་དག་ཕྱོགས་བསྡོམས་ རོབ་ཙམ་ཐོག་ནས་ཚིག་ཁ་ཤས་བཤད་ན་འདོད། སྤྱིར་རྩོད་གླེང་འདི་དག་ཁ་ཁོག་མཚུངས་པའི་སྒོ་ནས་གནང་མཁན་ཞིག་ཡིན་ཕྱིན་ཆེད་ དགའ་འོས་པ་ཞིག་རེད་མོད། ཡིན་ནའང་བློ་ཕམ་དགོས་པ་ཞིག་ལ་དེ་ལས་ལྡོག་སྟེ་ཡོད་ཚད་ཁ་ཡི་མཛེས་རྒྱན་དུ་ འགྱུར་བཞིན་པའི་སྣང་ཚུལ་ཞིག་ངང་གི་ཡོང་གི་འདུག

    ཆེས་དགོས་གལ་ཆེ་བ་ཞིག་ནི། རང་རིགས་ནང་ཁུལ་དུ་ལག་པའི་ནང་དུ་ལག་པ་དང་། སེམས་པའི་ནང་དུ་སེམས་པ་བཞག་ཟེར་སྲོལ་བཞིན་ནང་ཁུལ་མཐུན་ལམ་དགོས་པ་ལས་རང་ལྟ་ མཆོག་འཛིན་དང་མདུང་མོའི་སོ་ཁ་ཕུ་ནུའི་ནང་དུ་བསྣུན་རེས་བཟོ་བཞིན་འདི་མུར་ སྐྱོད་ཚེ་གོད་ཆགས་འབྱུང་ཡུལ་ནི་སྤྱི་པའི་རྩ་དོན་གྱི་ར་བ་ལས་བརྒལ་མི་སྲིད།

    བསམ་ བློ་ནར་སྨིན་ཟིན་པའི་བོད་རིགས་ཞིག་ཡིན་ཕྱིན་ཁྱོད་ལ་རང་བཙན་དགོས་སམ་ཞེས་ དྲིས་ཚེ་མི་དགོས་ཟེར་མཁན་ཞིག་ཡོད་དམ། གལ་སྲིད་ཡོད་ན་དེ་ནི་སེམས་ཁམས་ཐང་པོ་མེད་པ་དང་། ཡང་ན་ལུས་ངག་ཡིད་གསུམ་རྒྱ་སྒོར་ཁོ་ན་ལ་སྐྱབས་བཅོལ་མཁན་གྱི་མི་བུ་ཐལ་ཤལ་ཞིག་ ལ་ངོས་འཛིན་པར་ཐེ་ཚོམ་གང་ཡང་མི་དགོས། ཁྱེད་ཚོས་བསམ་བློ་ཐོངས་དང་། གོ་ལ་གཅིག་གྱུར་གྱི་དུས་རབས་འདི་ཡི་ནང་དུ་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་གནས་ པའི་རྒྱལ་ཁབ་དག་ནི་སོ་སོའི་དཔལ་འབྱོར་དང་། དམག་དོན། ཆབ་སྲིད། ས་ཁྱོན་སོགས་ཀྱི་བདག་དབང་ལ་ཐོབ་ཤོར་ཁོ་ནའི་དབང་གི་དྲང་བདེན་དང་གནས་ལུགས་ལ་ གུས་བཀུར་དེ་ཙམ་མེད་པའི་དུས་རབས་ཞིག་ལ་གྱུར་ཟིན་པར་ཁྱེད་ཚོས་མི་འདོད་དམ།

    དེའི་ ཕྱིར། མ་འོང་བོད་མིའི་རྩ་དོན་གྱི་ཆེད་དུ་སོ་སོའི་ཐོབ་ཐང་དང་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་ཞིག་ལ་རེ་སྟོང་བཅང་ནས་རང་བཙན་གཙང་མ་ཞིག་རྩོད་པ་ཡིན་ན་དེ་ནི་ཆེས་མཛེས་ སྡུག་ལྡན་པའི་མཁའ་དབྱིངས་ཀྱི་འཇའ་ཚོན་ལ་ལག་པས་རེག་འདོད་ལྟ་བུའི་སྟོང་བསམ་ ཞིག་ལས་མ་འདས། ང་སྐབས་རེར་དགོངས་མོར་ཉལ་ནས་བསམ་བློ་འདྲ་མིན་རེ་འཁོར་སྐབས། ད་ལྟའི་དུས་འདིར་ས་ཆེན་འདིའི་སྒང་དུ་གནས་པའི་གཟུར་གནས་མཁས་དབང་ཁག་དང་། ཆབ་དཔལ་རིག་གསུམ་ལ་ཆེད་མཁས་པ། དེ་བཞིན་རྒྱལ་ཁབ་འདྲ་མིན་སོ་སོའི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་ཆེས་ གུས་འདུད་ཞུ་སའི་སྐྱེས་བུ་སྙན་གྲགས་ཆེ་ཤོས་ཤིག་ནི་༸གོང་ས་ཆེན་པོ་ཆགས་ཡོད། ཡིན་ཡང་བོད་རིགས་མགོ་སྟོང་ཁག་ཅིག་གིས་དུག་ཆུའི་མྱོས་པ་བཞིན་དུ་དངོས་ཤུགས་ ཅི་རིག་ནས་མཚན་སྨོད་དང་ཟུར་ཟ་འདྲ་མིན་བཟོ་བ་མཐོང་དུས་ནམ་ཞིག་བོད་ལ་རང་བཙན་ ཞིག་ཐོབ་པའི་དབང་དུ་བྱས་ཀྱང་ད་ལྟའི་བལ་ཡུལ་གྱི་ཆབ་སྲིད་ལས་སྡུག་པའི་གནས་བབ་ ཞིག་མི་ཡོང་བའི་ངེས་པ་གཏན་ནས་མི་འདུག་དྲན་གྱི་འདུག

    འགྲོ་བ་མི་ཞིག་ ཡིན་ཕྱིན་ཆོས་ལུགས་དད་མོས་རང་དབང་ཡིན་དགོས་པ་ནི་ཡོངས་གྲགས་སུ་ངོས་འཛིན་དང་ ཁྲིམས་སུ་བཅས་ཡོད་པས་བོད་རིགས་དག་ལ་ཡང་དེ་ལྟར་གདམ་ཁ་ཡོད་ཆོག །ཡིན་ཡང་ཉིན་རེའི་འཚོ་བའི་ཆ་རྐྱེན་ནང་དུ་མེད་དུ་མི་རུང་བ་ཞིག་ནི་འགྲོ་བ་ མིའི་བཟང་སྤྱོད་ཡིན་པར་ངོ་ཤེས་པའི་སྒོ་ནས་བོད་མི་རིགས་འདིའི་ཆེད་དུ་སྐུ་ངལ་ འཛེམས་མེད་དུ་སྐྱོན་གནང་མཁན་ཞིག་ལ་མི་འོས་པའི་བྱ་སྤྱོད་སྤེལ་མཁན་མི་སྒེར་བ་དང་། ཚོགས་པ་སུ་འདྲ་ ཞིག་ཡིན་རུང་ཡིད་ཆེས་དང་ཆ་འཇོག་བྱེད་འོས་པའི་གནས་མ་ཡིན་པས་ཀུན་གྱིས་ཡིད་ གཟབས་དགོས་སོ།། །།

    Reply
  3. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    ང་ཚོ་ཡང་དག་པའི་མང་གཙོའི་ལམ་དུ་སྐྱོད་ཀྱི་ཡོད་ཚེ་མང་མོས་ཐག་གཅོད་ཀྱི་སྲིད་བྱུས་ཐོག་ཤར་སྐྱོད་ངེས་པར་བྱེད་གལ། གལ་ཏེ་སྲིད་བྱུས་དེ་ལ་རང་ཉིད་མོས་པ་མེད་ན་ཡང་ཇི་སྲིད་མང་མོས་ཐག་གཅོད་ཀྱིས་འགྱུར་བ་མ་ཕྱིན་བར་དེ་སྲིད་དུ་སྲིད་བྱུས་དེ་ལ་ངོས་ལེན་དགོས་པ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ༧གོང་ས་མཆོག་གིས་གཞོན་ལྷན་མིང་འབོད་གནང་སྟེ་ཐུགས་ཕམ་བྱུང་པའི་བཀའ་སློབ་ཕེབས་པ་གཞོན་ལྷན་གྱིས་གལ་ཆེར་རྩིས་ཐོག གཞོན་ལྷན་གྱི་ལངས་ཕྱོགས་འཛིན་སྟངས་དང་ལས་འགུལ་སྤེལ་ཕྱོགས་སོགས་ལ་ནོར་འཁྲུལ་ཤོར་ཡོད་མེད་བསྐྱར་ཞིབ་གནང་གལ་ཆེ་བས་ངེས་པར་དུ་ཛ་དྲག་ཚོགས་འདུ་ཞིག་སྐོང་གལ་ཆེ་བ་སོགས་བཀོད་འདུག ་་་་ཟེར།
    ཡང་།
    ་་་་་ མི་མང་གི་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་ནི། གཞོན་ནུས་རང་བཙན་བརྩད་པའི་རྒྱུ་མཚན་གྱིས་བྱུང་བ་ཞིག་མིན་པར། འདོགས་ཁྱི་ལྟ་བུའི་མི་ངན་མི་རེ་ཟུང་གིས་གཞོན་ནུའི་སྡིངས་ཆ་སྤྱད་དེ། ༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏོང་གི་ཡོད་པ་དེས་གཞོན་ནུར་མིང་ཆལ་ཕོག་གི་ཡོད་པ་དང་། མི་སྒེར་དང་ཚོགས་སྡེ་སུ་ཞིག་ཡིན་རུང་དམིགས་འབེན་རྒྱ་ནག་ལ་བཟུང་ནས་རྩ་དོན་རྩོད་དགོས་པ་ལས་༧གོང་ས་མཆོག་དང་བོད་གཞུང་གི་ཁ་གཏད་དུ་ལངས་བསྡད་ན་དེར་མང་ཚོགས་ཀྱིས་རྒྱབ་སྐྱོར་མི་བྱེད་པ། རང་སྐྱོང་ལྗོངས་ཟེར་པ་དང་དབུ་མའི་ལམ་གཉིས་ལ་ཁྱད་པར་མཐོང་གི་མེད་སྟབས་གཞོན་ནུའི་ངོས་ནས་རང་བཙན་དོར་མི་རུང་བའི་སྐོར་སོགས་ཀྱི་བསམ་ཚུལ་བྱུང་ཡོད་འདུག ་་་་་་ཟེར།

    Reply
  5. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རིན་ཆེན་བསམ་གྲུབ་ཀྱི་དྲི་བ་ཆོ་མེད་ལ་ལན་དེ་དང་མཚམས་པ་ཞིག་འདེབས་འདོད་བྱུང་།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ག་ཚོད་ཡོད་མིན་དེ་གནད་འགག་ཅིག་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ཤེས་དགོས་པ་དེ་གལ་ཆེན་པོ་རེད། བོད་དང་བོད་མི་རིགས་འདི་གསོན་པོར་གནས་དགོས་ན། བོད་དང་བོད་མི་རིགས་འདི་དམངས་གཙོ་ཡང་དག་པ་དང་སྨྲ་བརྗོད་རང་དབང་ལྡན་པའི་སྤྱི་ཚོགས་ཅིག་ཡིན་དགོས་ན། ཆབ་སྲིད་ཚོགས་པ་འདྲ་མིན་ཡོད་དགོས་པ་དེ་དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་དཔེ་ལོངས་ལ་དེ་གནད་འགག་དང་རྒྱུ་མཚན་ངེས་ཅན་ལྡན་ཡོད་པ་རེད། དེ་མིན་ན་ཆ་རྐྱེན་གང་ཡང་མེད་པར་གཅིག་བསྡུས་རིང་ལུགས་གུང་ཁྲན་དམར་ཤོག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་སྔ་ས་ས་ནས་ལོག་འགྲོ་ན་ཁེ་ཕན་ཆེ་གི་རེད།
    ༢༠༡༢་ལོར་དུས་དབང་ག་པར་གནང་བ་རེད། ངའི་དྲན་པའི་ཡུལ་ལ་མི་འདུག། མ་གཞི་དུས་དབང་ག་དུས་ཡིན་ཡང་ཞལ་འདེབས་བསྡུ་སློང་བྱེད་མཁན་མང་ཤོས་ནི་གྲྭ་པ་དང་ཨ་ནི་ཚོ་རེད། གསུང་ཆོས་ར་བའི་གཡས་གཡོན་ཟེར་རྒྱུ་མི་འདུག་གང་ལྟར་ས་སྟོང་ཡོད་ཚད་ཀྱི་གྱང་ངོས་སུ་དགོན་པ་གཅིག་གཅིག་ཆོས་སྡེ་གཉིས་གཉིས་བྲིས་པ་རྐྱང་རྐྱང་རིག་རྒྱུ་འདུག་ལ། དེའི་མདུན་དུ་གཟན་ཤམ་གྱོན་པའི་ན་གཞོན་དེ་ཚོའི་མིག་ཟུར་གཞོན་ནུ་མར་བསྡིར་མཁན་ཕལ་ཆེ་བས་མདུན་ཅོག་སྟེང་ཞལ་འདེབས་ཀྱི་འཛིན་སྦྱང་དང་སྨྱུ་གུ་ཐོགས་ནས་ཞལ་འདེབས་བསྡུས་པ་ཚང་མ་་ག་པར་ཕྱིན་པ་རེད། ཁོ་ཚོས་ཞལ་འདེབས་བསྡུས་པ་དེ་ཚོ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཆེད་གང་དུ་བཏང་འདུག། ཁོ་རང་ཚོའི་ཟ་བཏུང་ཆེད་མིན་ན་ཅི་རེད། དེའི་ནང་དུ་ཁྱེད་རང་ཡང་ཚུད་ཡོད་མེད་མི་ཤེས། མ་གཞི་གཞོན་ནུས་ཁྱེད་ཚོའི་དཀོར་ཟས་ལེན་པར་ཚང་ཁ་བརྒྱབ་ཡོད་ན་ཅི་ཁག།
    དེ་ལྟ་བས་ན་གཞོན་ནུ་ཡག་ན་སྡུག་ན་དུས་དབང་ཡོད་ཚད་ཀྱི་ཆོས་ཞུ་བ་ཚོར་ཁ་ཡོད་ལག་ཡོད་ཀྱིས་ཧ་ལམ་ཆུ་ཚོད་ཉེར་བཞི་རྒྱང་བསྒྲག་མདུན་སྐད་འགག་འགག་བརྒྱབ་ནས་ཕན་ཚུན་ཐུག་ཕྲད་དང་བོར་བླགས་སོགས་ཀྱི་དཀའ་ངལ་ཡོང་སུ་བསེལ་གྱིན་པ་རེད་ལ། མེ་འཁོར་དང་རླང་འཁོར་བབ་ཚུགས་ཡོད་ཚད་ལ་སྐད་བརྡ་མི་འཕྲོད་པ་དང་མེ་འཁོར་གྱིས་མཚན་དགུང་ཕབས་ནས་འགྲོ་འདུག་མི་ཤེས་མཁན་ཚོར་ཁ་ཚ་དགོས་གཏུགས་ཀྱིས་རོགས་ཕན་གང་ལེགས་བྱེད་ཀྱི་འདུག། གཞོན་ནུ་ལྟ་བུ་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་ཕན་བྱེད་མཁན་གྱི་གྲས་སུ་ཚོགས་པ་གཞན་སུ་འདུག། ནམ་རྒྱུན་ཚོགས་པ་ང་ཡིན་ཟེར་མཁན་དབུ་མའི་ལས་འགུལ་ཁང་ཟེར་བ་ལྟ་བུའི་ཚོགས་པ་དེ་ཚོ་མཐོང་མཐོང་རིག་རིག་མི་འདུག་ལ་གལ་ཏེ་ཡོད་དབང་དུ་བཏང་ཡང་བླ་མ་དང་མཐོ་རིམ་དབང་འཛིན་མི་སྣར་སྤྲེལ་ལད་ཀྱི་ཟློས་གར་འཁྲབ་རྒྱུ་ཞིག་མ་གཏོག་སྤྱི་ཚོགས་ཞབས་ཞུ་དང་དམངས་དཀྱུས་ལ་ཁ་ཚ་དགོས་གཏུགས་ཀྱིས་རོགས་ཕན་བྱེད་རྒྱུ་ཞིག་མོ་གཤམ་གྱི་བུ་དང་ནམ་མཁའི་མེ་ཏོག་རང་རེད། མ་གཞི་ཁྱོད་གཞོན་ནུ་ལྷན་ཚོགས་ལ་ཞལ་འདེབས་ག་ཚོད་བརྒྱབས་ཡོད་པ་རེད། དེ་འདྲའི་རྩད་གཅོད་བྱེད་དགོས་པའི་རྒྱུ་མཚན་ཞིག་ཁྱོད་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་ངེས་རེད། འོན་ཀྱང་ང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་མེད་ལ་འབྲེལ་བ་ཡང་མེད། རེད་དེ་ལྟ་བ་དང་ལང་ཕྱོགས་གཅིག་པ་ཡིན། ཁྱོད་ཀྱི་དྲི་བ་ཆོ་མེད་འདིར་ངས་ལན་ཆོ་མེད་ཅིག་མ་བརྒྱགས་རང་བརྒྱགས་ཆགས་སོང་།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་གི་ལྟ་བ་དང་ལངས་ཕྱོགས་སྐྱར་བཤད་ཡང་བཤད྄་བྱས་པར་བཙན་བྱོལ་སྒྲིག་འཛུགས་གཞུང་གི་སྲིད་ཇུས་དང་༧གོང་ས་མཆོག་གི་བཀའ་ལ་མ་བརྩིས་པ་ཇི་ལྟར་ཆགས་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་ཁེ་དབང་དང་ཐོབ་ཐང་དེ་སུས་ཕྲོགས་ཟིན་པ་རེད། མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་སུ་གཅིག་གིས་ཕྲོགས་དབང་མེད། བོད་ནང་གཞིས་ལུས་མི་དམངས་ཀྱི་ཆབ་སྲིད་ཐོབ་ཐང་དང་ཁེ་དབང་ཡོང་རྫོགས་རྒྱ་གཞུང་གིས་ཕྲོགས་པ་རེད་འོན་ཀྱང་། བཙན་བྱོལ་དམངས་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཁེ་དབང་དང་ཐོབ་ཐང་མེད་པ་ཞིག་ཡིན་ཚོད་མ་རེད།
    འོ་ན་ཁྱོད་ཀྱིས་གོང་གི་མཆན་ཐུང་ནང་གི་༼བཙན་བྱོལ་བོད་གཞུང་༽ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་པ་དེས་སྒྲིག་འཛུགས་སུ་བསྒྱུར་རྗེས་ཀྱི་ཕྱི་རོལ་དུ་ཐ་སྙད་འདིའི་རྙོག་གླེང་བརྒྱུད་བཙན་བྱོལ་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་འཇོག་མ་བྱས་པ་མ་རེད་པས།
    རང་བཙན་བཤད་ནས་བོད་སྤྱི་པའི་ཆེད་དུ་བསམ་པ་རེད་སྒེར་གྱི་ཁེ་ཕན་ཆེད་དུ་རེད། ཁྱོད་རིག་པ་སྐྱག་རྐུབ་ནང་ལ་གཏད་མེད་ན་ཤེས་ཚོད་རེད། རྒྱུ་མཚན་ད་ཆ་ལམ་དབུ་མ་འདི་མཐོ་དམན་བར་གསུམ་ལ་འགྲོ་རྒྱུགས་ཆེ་བས་རང་བཙན་གྱི་ལང་ཕྱོགས་འཛིན་མཁན་དེ་ཚོ་གཡས་ཁག་གཡོན་ཁག་ངན་ཁག་ཡོད་དགུ་དཀྲིས་ནས་སྤྱི་ཚོགས་ནས་མཐའ་འབུད་གཏོང་གྲབས་བྱས་ཙང་རྒྱུན་ལས་གཉིས་མ་གཏོག་ལྷག་མེད་པར་བོད་སྤྱི་པའི་རྩ་དོན་ཆེད་དུ་དགོངས་པ་རང་ཞུས་ཆགས་པ་རེད་དོ།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    མ་གཞི་རྒྱ་གར་ནང་བརྟེན་གཞི་བྱས་པའི་གཞོན་ནུ་ལྷན་ཚོགས་ནང་རྒས་པོ་རྒས་མོས་ཁེངས་སྡད་པ་དེ་ཚོ་ད་ཆ་རྒས་ཡོལ་འགྲོ་དགོས་ཚོད་ཡིན། འདི་ཚོས་བོད་ཀྱི་མི་རབས་གསར་པ་གཞོན་ནུ་དང་གཞོན་ནུ་མའི་མདུན་ལམ་དང་དམིགས་ཡུལ་ཡོད་ཚད་རྟ་ལམ་བོང་བུས་བཀགས་བསྡད་པ་མ་ཚད། ད་ཆ་མི་རབས་གསར་པའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དང་ལང་ཕྱོགས་ཕུགས་འདུན་བཅས་པ་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས་བཤད་ནས་གཏོར་བླགས་གཏོང་རྩིས་ཀྱི་ཇུས་ངན་གནམ་ས་ཁེངས་པ་ཞིག་བཤམས་རྩིས་ཡོད་པ་རེད། མ་གཞི་རྒས་པོ་རྒས་མོ་འདི་ཚོ་འཆི་ཁར་རང་ཡུལ་དྲན་ནས་ལོ་མང་འཐབ་རྩོད་བྱས་པའི་འབྲས་བུ་མ་སྨིན་གོང་ནས་བློས་བཏང་གིས་ད་ཆ་ཀྲུང་གོས་གཞིས་འགུགས་བྱུང་ན་སྙམ་པ་ནི་ཅི་ཁག། ཁ་རྒྱུན་ལ་མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་བྱས་པ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཀྲུང་གོས་ཡུལ་བགྱར་ངོ་ལོག་ཤོག་ཁག་གཞིས་འགུགས་བྱ་རྩིས་ཀྱི་འཆར་གཞི་ཞིག་པེ་ཅིང་གི་བསམ་བློའི་ནང་ཕར་ཟད་རྨི་ལམ་ལ་ཡང་འཁོར་མྱོང་མེད་པ་དེ་རེད། འོན་་ཀྱང་བོད་མི་རིགས་འདི་ཡོད་ཚད་རེ་བར་བཅོལ་བའི་ལམ་ལུགས་རྒྱུན་འཛིན་འོག་ད་དུང་རེ་ཐག་མ་ཆད་བར་མིག་གཉིས་ཀ་བཀབ་ནས་འགྲོ་རྒྱུ་ནི་སྨྲོས་མེད་རེད། ཁ་རྒྱུན་ལ། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས། ཞེས་པ་ལྟར་ཕོངས་ས་འདི་གཉིས་ལས་ནམ་ཡང་རྒལ་ཐུབ་ཀྱི་མ་རེད་དོ།

    Reply
  7. བསྟན་དར། says:
    ལོ་ 13 སྔོན།

    རིན་ཆེན་བསམ་འགྲུབ་ལགས་སུ་ངས་ལན་ཞིག་རྒྱག་ཆོག 1 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་མི་ཁྲི་གཉིས་ཡོད་ཟེར་གྱི་ཡོད་པ་དེ་སྔོན་ཆད་ཀྱི་སྐད་ཆ་རེད་དེང་སྐབས་ཚོགས་མི་2000་ལྷག་མེད་པ་ངས་ཐག་གིས་གཅོད་ཐཱུབ། 2 དུས་འཁོར་དབང་ཆེན་ཐོག་ཞལ་འདེབས་ཀྱིས་ཁེ་བཟང་བླངས་པ་ཚང་མས་རྡ་རམ་ས་ལའི་དབུས་ཁུངས་ལ་Apple་རྟགས་ཅན་གྱི་གློག་ཀླད་ཆེ་ཐག་ཆོད་བཅུ་གྲངས་ཤིག་ཉོས་ཚར་བ་རེད། 3 གཞོན་ནུས་རང་བཙན་རྩོད་ཀྱི་ཡོད་པ་དེ་བོད་སྤྱི་བའི་དོན་དག་མ་རེད་ལ་གཞོན་ནུ་ལྷན་ཚོགས་ཀྱི་དོན་དུ་ཡང་མ་རེད། མི་སྒེར་བ་ཁག་ཅིག་གི་ཁེ་ཕན་དང་མངོན་འདོད་ཆེད་དུ་རེད། རྐང་བཙུགས་ཏེ་བོད་གཞུང་དང་༧གོང་ས་མཆོག་ལ་ཀྱག་ཀྱག་བྱས་ཏེ་སྐད་གྲགས་ཆེན་པོ་བཟོ་བཞིན་ཡོད་པ་རེད།

    Reply
  8. བློ་འཕེལ། says:
    ལོ་ 13 སྔོན།

    གཞོན་ནུའི་ལངས་ཕྱོགས་སུ་འགྱུར་བ་གཏོང་མིན་གཙོ་བོ་མ་རེད་ལ་གཞོན་ནུ་དང་ལངས་ཕྱོགས་གཅིག་པའི་ཚོགས་སྡེ་གཞན་པ་ཡང་ཡོད་པ་རེད། ད་ལམ་གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་སྣང་མེད་དུ་མ་བཞག་པར་བསམ་ཤེས་དང་ཉན་ཤེས་བྱེད་རྒྱུ་གནད་ཀྱི་དམ་པ་རེད།
    སྔོན་ཆད་༸གོང་ས་མཆོག་གིས་ད་ལྟའི་སྲིད་སྐྱོང་གི་འོས་བསྡུའི་སྐབས་གསུངས་པ་བཞིན་ད་ལམ་གཞོན་ནུ་ལ་ཤ་གཅུས་གནང་བ་དེ་འགག་རྩའི་སློབ་སྟོན་དུ་བསམ་དགོས་པ་མ་ཟད་ཕྱིན་ཆད་སྡོམ་སེམས་ཀྱང་ངེས་པར་དགོས།
    གཞན་ཡང་ལྷོ་ཕྱོགས་ཧུན་སོར་གཞིས་སྡོད་གནད་ཡོད་ཁ་ཤས་ཀྱིས་མ་བསྐུལ་དང་བླངས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་སྤྱི་བོར་བླངས་པ་སོ་སོའི་བསོད་ནམས་ཀྱི་བགོ་སྐལ་རེད་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  9. རིན་ཆེན་བསམ་འགྲུབ། says:
    ལོ་ 13 སྔོན།

    ང་རང་ལ་བོད་ཀྱི་གཞོན་ནུ་ཚོགས་པར་དྲི་བ་ཁ་ཤས་ཡོད། (༡) དེང་སྐབས་བོད་ཀྱི་གཞོན་ནུ་ཚོགས་པར་དྲང་མོ་དྲང་རྐྱང་བཤད་ན་ཚོགས་མི་ག་ཚོད་ཅིག་ཡོད། (༢) བོད་ཀྱི་གཞོན་ནུ་ཚོགས་པའི་2012་ལོའི་དུས་འཁོར་དབང་ཆེན་སྐབས་མི་མང་ལ་ཞལ་འདེབས་བསྡུས་པའི་དངུལ་དེ་དང་། བོད་རྒྱལ་ཁབ་བསྐྱར་འཛུགས་ཟེར་བར་དངུལ་བསྡུས་པ་དེ་དག་ག་བ་འཁྱེར་ཡོད་དམ། (3)བོད་ཀྱི་གཞོན་ནུ་ཚོགས་པའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་། གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་ལ་མི་བརྩི་བར་བོད་རང་བཙན་ཁོ་ན་ཡང་བཤད་བསྐྱར་བཤད་བྱས་ཏེ་ལོགས་སུ་འཐོན་པའི་རྒྱུ་མཚན་དེ་དོན་ངོ་མའི་ཐོག་ནས་བོད་སྤྱི་བའི་ཆེད་ལ་བསམ་བློ་གཏོང་གི་ཡོད་པ་ཡིན་ནམ་རང་ཉིད་ཀྱི་ཚོགས་པའི་ཆེད་དུ་ཡིན། འདི་དག་ལ་ལན་ཞིག་འདེབས་གནང་ཡོང་བ་ཞུ།།།

    Reply
  10. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    ད་གཞོན་ནུར་ནུས་པ་མེད་པའི་རྟགས་སྟོན་གྱིན་འདུག
    གལ་སྲིད་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཚེ།
    གཞོན་ནུར་ནམ་ཡང་བློས་གཏོད་ཡ་མེད་པ་ཕྱིར་མངོན་པ་རེད།

    Reply
  11. ལྷག་པ། says:
    ལོ་ 13 སྔོན།

    ངས་གོ་ཚོད་བྱས་ན་ཁ་སང་དེ་རིང་རྡ་རམ་ས་ལའི་གཞོན་ནུའི་དབུས་ལས་ཁུངས་ནང་དུ་ལས་བྱེད་གཉིས་མ་གཏོགས་ཡོང་མཁན་མི་འདུག ལས་བྱེད་གཞན་དག་གིས་རྩ་དགོངས་ཞུས་པ་དང་སྒེར་གྱི་དགོངས་པ་ཞུས་པ་སོགས་བྱས་ཏེ་རང་རང་སར་ཕྱིན་ཚར་བ་རེད་ཟེར་བ་ཞིག་གོ་སོང་།
    གལ་སྲིད་འདི་བདེན་པ་ཡིན་ན་ཐབས་སྐྱོ་བོ་ཞེ་དྲག་རེད་། གཞོན་ནུའི་ནང་ནས་ཁེ་བཟང་ལེན་རྒྱུ་ཡོད་ཚད་ཚང་མ་བླངས་ཚར་ནས་དུས་ཚོད་རྫོགས་གྲབས་ཡོད་དུས་སྐབས་ལ་ལས་ཁུངས་སྟོང་པར་བསྐྱུར་བཞག་ཡོད་པར་བློ་ཕམ་བྱུང་ྲ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese