དེ་རིང་དབུས་བུད་མེད་ལྷན་ཚོགས་ཀྱིས་ངྷ་སར་འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་གཙི་དང་སྦྲགས། མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ཤིག་སྤེལ་སོང་།
དེ་རིང་ཕྱི་ཟླ་ ༦ ཚེས་ ༥ ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་ལྟར། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ངྷ་སའི་རླངས་འཁོར་འབབ་ཚུགས་སུ་ཉིན་ཧྲིལ་བོར་འདི་ལོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་འཛིན་བརྗོད་བྱ་༼བསམ་ཞིབ། ཟ་བ། སྲི་འཚག་(Think.Eat. Save)ཞེས་པའི་ཐོག མི་མང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་དང་སོ་སོའི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་དམ་བཅའ་འཇོག་པའི་ལས་འགུལ་ཞིག་སྤེལ་སོང་།
བུད་མེད་ལྷན་ཚོགས་ཀྱིས་ཁོར་ཡུག་ཚན་པའི་འགན་འཛིན་རྡོ་རྗེ་སྐྱིད་ལགས་ཀྱིས་བརྗོད་པ་ལྟར་ན། འདི་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་རྩ་འཛིན་བརྗོད་གཞི་ནི་ཟས་རིགས་འཕྲོ་བརླག་མི་གཏོང་པའི་ཆེད། དང་པོ་ཟས་རིགས་གང་ཞིག་ཉོ་སྐབས་བསམ་བློ་ཡག་པོ་བཏང་སྟེ་ཉོ་དགོས་པ་དང་། གང་ཉོས་པ་དག་འཕྲོ་བརླག་ཏུ་མ་སོང་པ་བྱས་ནས་ཟ་དགོས་པ། ཟས་ཚར་པའི་ལྷག་མ་དང་པགས་རིགས་གང་བྱུང་སྣང་མེད་དུ་གཡུགས་མི་རུང་པ་སོགས་ཀྱི་ཐད་གོ་རྟོགས་དང་། ཤིང་ཏོག་པགས་པས་རྫས་ལུད་བཟོ་ཐབས་ངོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། གནད་དོན་དེ་དག་དང་འབྲེལ་པའི་ཁོར་ཡུག་ལ་གནོན་ཚབས་ཆེ་བའི་ལས་དོན་གང་ཞིག་སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་འགོག་ཐབས་བྱ་རྒྱུའི་དམ་བཅའ་འཇོག་འཇུག་གི་ཡོད་སྐོར་བརྗོད་བྱུང་།
འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་གཙིའི་ལས་འགུལ་ཐོག་འགྲེམས་སྤེལ་བྱེད་བཞིན་པའི་ཡིག་ཆའི་ནང་། གལ་ཏེ་ཁ་ལག་འཕྲོ་བརླག་འགྲོ་བ་ཡིན་ན། དེའི་ཐོབ་སྐྱེད་ཆེད་ཆུ་དང་ལུད། ནུས་ཤུགས། དངུལ་སོགས་འགྲོ་གྲོན་བཏང་པ་ཆ་ཚང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད། ཟས་ལྷག་གང་བྱུང་གཡུགས་པའི་སྟེང་ཁོར་ཡུག་ལ་ཤིན་ཏུ་གནོད་ཚབས་ཆེ་བའི་རྫས་རླངས་ཐོན་པ་དེས་འཛམ་གླིང་ཚ་དྲོད་འཕེལ་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་སོགས་ལ་མཐུན་འགྱུར་བྱེད་པ་ཞིག་ཡིན་པར་བཀོད་འདུག
འགྲེམས་ཡིག་དེར་མུ་མཐུད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ལག་དང་ས་ཞིང་འདེབས་ལས་ཚན་པའི་ཉམས་ཞིབ་སྙན་ཐོའི་ནང་། རང་ལོ་ ༥ མན་གྱི་བྱིས་པ་ ༢༠༠༠༠ ཉིན་ལྟར་ལྟོགས་ཤི་ཐེབས་ཀྱི་ཡོད་པ་དང་། ལོ་ལྟར་འཛམ་གླིང་ནང་ཁ་ལག་ཌན་(Tonne)ཐེར་འབུམ་ ༡།༣ ཆུད་ཟོས་སུ་འགྲོ་བཞིན་ཡོད་པ། རྒྱ་གར་ལ་མཚོན་ན་ལོ་ལྟར་གྲོ་ཌན་ས་ཡ་ ༢༡ དང་། ཤིང་ཏོག་དང་ཚལ་རིགས་བརྒྱ་ཆ་ ༤༠ འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པར་གསལ་འདུག
འཛམ་གླིང་ཁོར་ཡུག་ཉིན་མོ་ནི་ ༡༩༧༢ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་གཏན་འབེབས་དང་། ༡༩༧༣ ལོ་ནས་དངོས་སུ་ཕྱི་ཟླ་ ༦ ཚེས་ ༥ ཉིན་འཛམ་གླིང་ཁོར་ཡུག་ཉིན་མོར་སྲུང་གཙི་དང་སྦྲགས། ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་དང་སྐུལ་སློང་གིས་ལོ་ལྟར་རྒྱལ་སྤྱིའི་ནང་སྲུང་གཙི་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བནྡེ་སྐྱབས།