མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་དགོངས་འགལ་མེད་སྒྲུབ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཞུགས་སྒར་གཙུག་ལག་ཁང་གི་རྒྱབ་ལོགས་ལྷ་རྒྱལ་རིར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་དང་། གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ་མདོ་སྟོད་ཆུ་བཞི་སྒྲང་དྲུག་དབུས་རྒྱུན་ལས་ཁང་གཉིས་ཀྱིས་དུས་མཉམ་དུ། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།  

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧།༣༠ ཐོག མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་ཀྱི་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུཊ་དབུ་བརྙེས་ཏེ་མི་ལོ་ ༥༥ འཁོར་བའི་དུས་དྲན་ཐེངས་ ༥༤ པ་བཞུགས་སྒར་ངྷ་རམ་ས་ལའི་ལྷ་རྒྱལ་རིར་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་སྤྱི་འཐུས་ཀརྨ་ཆོས་འཕེལ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་དགེ་བཤེས་ག་ཟི་དགེ་བཤེས་ཚེ་རིང་པོ། སྤྱི་འཐུས་གངས་ལྷ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་ཚན་ལགས་བཅས་དང་། དེ་བཞིན་བཞུགས་སྒར་ཁུལ་གྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་ཕེབས་འདུག  

མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་དང་བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་རྒྱ་གཞུང་གི་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་བཅས་ལ་ངག་བཅད་མྱ་ངན་ཞུས་རྗེས། སྐུ་མགྲོན་ཡོངས་ཀྱིས་༸གོང་ས་མཆོག་གི་སྐུ་པར་དང་། རྒྱལ་གཅེས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་ལ་ཁ་བཏགས་བསྒྲོན་འབུལ་གནང་སོང་། དེའི་རྗེས་དབུས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་དུས་དྲན་སྲུང་གཙིའི་གཏམ་བཤད་ཡིག་ཐོག་ནས་སྤེལ་བའི་ནང་། ༸གོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་། ཆོལ་གསུམ་བོད་རིཊ་ཡོངས་རྫོགས་ཆིག་སྒྲིལ་གྱི་ནུས་པ་རྩལ་འདོན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུཊ་སྲ་བརྟན་གྱི་ལོ་རྒྱུས་དབུ་ཁྱུད་བྲིས་པ་ནས་བཟུང་། གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་བརྗིད་ལྡན་པའི་ཁམས་རིཊ་སེར་སྐྱ་མི་དམངས་སྤྱི་དང་། ལྷག་དོན་ཆུ་སྒང་དྲག་པོའི་སྒྲིག་འཛུཊ་འདི་བཞིན་ཁམས་པའི་བདེ་དོན་གྱི་མིང་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་ཞུས་ཏེ། ཚོགས་པའི་སྒྲིག་གཞི་དང་། ཚོགས་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་སྒྲིག་གཞི། ཚོགས་པའི་དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་སོགས་གཏན་འབེབས་བྱས་ཡོད་པ་མ་ཟད། སྒྲིག་འཛུཊ་ཀྱི་རྒྱུན་རྣམས་ནི་དེང་གི་དམངས་གཙོའི་ལམ་སྲོལ་དང་མཐུན་པར་འོས་བསྡུ་བྱས་ཏེ། མདོ་ཁམས་མི་མང་ཡོངས་ཀྱི་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུཊ་དང་གནས་ཡུལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཁྲིམས་མཐུན་སྒྲིག་འཛུཊ་ཚད་ལྡན་ཞིག་ཆགས་ཡོད་སྐོར་བཀོད་འདུག

གཏམ་བཤད་ནང་མུ་མཐུད་དོན། “ བཙན་བྱོལ་སྤྱི་ཚོཊ་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་འགྱུར་བ་ཆེན་པོ་ཕྱིན་སྟེ། ༸གོང་ས་མཆོག་གི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོཊ་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་དང་། བཙན་བྱོལ་བོད་གཞུང་གི་མཚན་བོད་མིའི་སྒྲིག་འཛུཊ་ཞེས་པར་འགྱུར་བ་ཐེབས་ཏེ། སྤྱི་ཚོགས་ནང་ལབ་གླེང་སྣ་ཚོཊ་འབྱུང་བཞིན་པའི་སྐབས་དེར། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ ༢༠༡༡ ལོའི་ཟླ་ ༦ ཚེས་ ༡༧ ནས་ ༡༨ བར་མོན་གྷོ་འདོད་རྒུ་གླིང་དང་ཚོཊ་ཆེན་ཐེངས་ ༡༩ པའི་ཚོགས་ཏེ། སྤྱི་མོས་གྲོས་ཆོད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞིའི་དགོངས་དོན་ལྟར། ༸གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཀྱིས་ལས་དོན་ཁག་མུ་མཐུད་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་མ་ཟད། དམིགས་བསལ་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་བསྩལ་དང་། དེའི་རྗེས་འབྲེལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་འཕར་མའི་སྐབས་བཙན་བྱོལ་བོད་མིིའི་བཅའ་ཁྲིམས་བསྐྱར་བཅོས་ཇི་སོང་ཁག་གི་དགོངས་དོན་ལ་འཕྱར་གྲུ་མཉམ་འདེགས་ཀྱིས་དམངས་གཙོ་གོང་འཕེལ་ཆེད་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཞེས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། མདོ་ཁམས་ཆུ་སྒང་དྲུག་གི་ཚོགས་ཆེན་དང་འགན་ལྷན་ཚོགས་འདུའི་གྲོས་ཆོད་ཁག་༸གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཅས་ལ་རྒྱབ་སྐྱོར་དགོས་པ་གཏན་འབེབས་དང་ལག་བསྟར་དབུས་ས་གཉིས་ནས་ཞུས་དང་ཞུ་མུས་ཡིན། ད་དུང་བསམ་མེད་རེ་འགའ་ནས་ཚོགས་པའི་སྒྲིག་གཞི་དང་གྲོས་ཆོད། ལས་དོན་བྱེད་ཕྱོགས་སོགས་ལ་རྒྱུན་དུ་དོ་སྣང་དང་འགན་འཁུར་ཡེ་ནས་མེད་པར། ནང་ཁུལ་དཀྲུག་གཞིའི་གླེང་ཕྱོགས་འདྲ་མིན་བཟོ་བཞིན་པ་དེ་རིགས་ལ་མདོ་ཁམས་སེར་སྐྱ་མི་མང་ཡོངས་རྒྱུན་དུ་ཐུགས་སྣང་དང་ཡིད་གཟབ་གནང་དགོས་པའི་རེ་བ་ཞུ་བཞིན་ཡོད། ” ཅེས་བཀོད་འདུག

མཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཡིག་ཐོག་གི་གཏམ་བཤད་སྤེལ་བའི་ནང་།  “བརྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདིས། བོད་བསྟན་སྲིད་དང་མི་རིགས་ཀྱི་རང་དབང་ཆེད་དགྲ་བོར་ཕར་རྒོལ་གྱིས་ཁ་གཏད་གདོང་ལེན་རིམ་པ་བྱས་ཏེ་ཞབས་འདེགས་ཇི་ཆེར་བསྒྲུབས་ཡོད་པ་དང་། ལྷག་པར་ ༸གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་མ་ཕེབས་ཐབས་མེད་བྱུང་བའི་སྐབས། སྐུ་ཕྱཱའི་ཉེན་སྲུང་གི་ཞབས་འདེབས་རླབས་ཆེན་བསྒྲུབ་ཡོད་པ་བཅས་ནི། བོད་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཇི་སྲིད་པར་གནས་རྒྱུ་མ་ཟད། ད་རེའི་དུས་དྲན་སྲུང་གཙིའི་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་རྗེས་དྲན་དང་བསྒྲགས་གུས་འདུད་ཞུ་རྒྱུ་ཡིན། ” ཞེས་བཀོད་འདུག

ཚོགས་གཞོན་མཆོག་གིས་མུ་མཐུད་དུ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ ཐོག་གི་གྲོས་ཆོད་ནང་ ༸གོང་ས་མཆོག་གི་སྐུའི་ཉེན་སྲུང་ཞུ་ཕྱོགས་ལ་དོ་སྣང་དང་འགན་འཁུར་ཞུ་ཕྱོགས་དང་། ལྷག་པར་དུ་ནང་གི་ཞབས་རིམ་༸གོང་ས་མཆོག་གི་ཇི་གསུང་བཀའ་བསྒྲུབ་ཀྱིས་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ། ཆོས་རིག་སྲུང་སྐྱོབ། མཐོ་རིམ་སློབ་མར་སློབ་ཡོན་མཐུན་འགྱུར། སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་སྤྱི་དང་དཔལ་འབྱོར་འདུ་འགོད་བྱེད་ཕྱོགས། བོད་ནང་གི་བོད་མི་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་པར་སྐྱིད་སྡུག་མཉམ་མྱོང་ཞུ་རྒྱུ་བཅས་ལ་ལས་འགུལ་སྤེལ་ཕྱོགས་སོགས་འཁོད་ཡོད་པ་རྣམས་ནི། བོད་མིའི་རྩ་དོན་འཐབ་རྩོད་སྤྱི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་ཞབས་འདེགས་སུ་འགྲོ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དག་མུ་མཐུད་རྒྱུན་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་སོང་།  

དེ་བཞིན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ། ངྷ་ས་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་ངོ་ ༥༤ འཁོར་བའི་དུས་དྲན་ཞིག་སྲུང་གཙི་གནང་ཡོད་པ་དང་། མདོ་སྟོད་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་ཐུབ་བསྟན་ལེགས་བཤད་ལགས་ཀྱིས་ཡིག་ཐོག་གི་གཏམ་བཤད་སྤེལ་བའི་ནང་།  ༡༩༤༩ ལོར་རྒྱ་དམར་པོས་བོད་བོད་ལ་བཙན་འཛུལ་གྱི་རྐང་པ་སྤོས་པ་ཐོག་མ་དེ་ཡིན་པ་དང་། ལོ་དེའི་ཟླ་ ༦ ཚེས་ ༡༦ ཉིན་ཡོངས་སུ་གྲགས་པའི་མཚོ་ཆེན་བཞིའི་ཡ་རྒྱལ་ཡར་འབྲོག་གཡུ་མཚོའི་འདབས་གྲི་གུ་བཀྲ་ཤིས་མཐོང་སྨོན་རྫོང་གི་རྩེ་རིའི་མདུན་ངོས་ཡངས་ཤིང་རྒྱ་ཆེ་བའི་སྤང་སྟེང་དུ་རྒྱལ་བསྟན་ཆབ་སྲིད་དང་། མི་རིགས་རང་དབང་གི་དོན་དུ་རང་རང་སོ་སོའི་མཁར་དངོས་ལུས་སྲོག་དང་བཅས་པ་དངོས་སུ་བློས་གཏོང་ནུས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ཨ་མདོ་གཉིས་ཀྱིས་གཙོས་ཕྱོགས་མཚམས་ཀུན་ནས་རྒྱ་མཚོར་ཆུ་ཕྲན་འདུས་པ་ལྟར་དུས་གཅིག་ཏུ་རྟ་དམག་ཆིག་སྟོང་ལྷག་འཛོམས་ཏེ། བསང་གསོལ་དང་འབྲེལ་མཛད་སྒོའི་ཐོག་རྟ་དམག་རུ་བསྒྲིགས་ཀྱིས་༧གོང་ས་མཆོག་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དབུ་གུར་དུ་གདན་ཞུ་དང་། ཆུ་བཞི་སྒང་དྲུག་དང་ཨ་མདོ་བཅས་ནས་བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་བརྙེས་པ་དང་ཆབས་ཅིག གྲུའུ་རྩེ་སེར་པོའི་ངོས་ལ་རྒྱལ་བ་རིགས་གསུམ་མགོན་པོའི་ཕྱག་མཚན་རལ་གྲི་པད་མ་རྡོ་རྗེའི་ཡུ་བ་ཅན་དང་། བོད་པའི་ལག་བཟོས་སྙིང་པོ་དཔའ་དམ་གཉིས་ཟུང་དུ་འབྲེལ་བའི་དམག་དར་དགུང་སྔོན་དབྱིངས་སུ་ཐོག་མར་བསྒྲེངས་སྐོར་བསྒྲགས་སོང་།

ཐུབ་བསྟན་ལེགས་བཤད་ལགས་ཀྱིས་ “ མི་ཁ་ཤས་ཤིག་གི་བྱས་ཉེས་ལ་བརྟེན་ནས་༧གོང་ས་མཆོག་གི་དགོངས་པ་འཁྲུག་རྐྱེན་བཟོས་པ་རེད། ད་ལྟ་གནས་བསྡད་པའི་མི་གཅིག་གཉིས་དེ་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཐོག་ནས་གཙང་མ་ཞིག་མ་བཟོས་ན། མདོ་སྟོད་ཆིག་བསྒྲིལ་ཟེར་པ་དེ་དཀའ་ངལ་ཞིག་ཆགས་བསྡད་ཡོད་རེད། ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཐོག་སྔོན་མ་བྱས་ཉེས་བཞག་ཡོད་དེ་གཙང་མ་ཞིག་བཟོས་པ་ཡིན་ན། མདོ་སྟོད་མི་འགྲིག་པ་གང་ཡང་ཡོད་པ་མ་རེད། གཙང་མ་ག་འདྲ་བྱས་ཏེ་བཟོ་དགོས་ཟེར་ན། ཡིག་ཐོག་དང་ངག་ཐོག་བཅས་ནས་བཙན་བྱོལ་གཞུང་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་མང་པོ་བྱས་ཡོད་རེད། དེ་ཚོ་ཁམས་པ་ཡོངས་རྫོགས་ཀྱིས་བྱས་པ་ཞིག་མ་རེད། དེ་ཁམས་པ་ཡོངས་རྫོགས་ཀྱི་མགོ་ལ་ཞཱ་མོ་གཡོག་ན་དེ་གྱོན་མི་ཐུབ་པ་ཞིག་རེད། དེ་མ་གཏོགས་གང་ཚོ་མདོ་སྟོད་ནང་ཁུལ་མི་འགྲིག་པ་གང་ཡང་ཡོད་པ་མ་རེད། མ་འོངས་པར་ཆིག་སྒྲིལ་བྱ་རྒྱུ་ཡིན་ན་བྱས་ཉེས་དེ་དག་གཙང་མ་བཟོ་དགོས་རེད”ཅེས་བརྗོད་བྱུང་།

མཐར་གསར་འགོད་པས་དཔའ་བོའི་རྡོ་རིང་མདུན་དུ་མདོ་སྟོད་ཆུ་སྒང་གི་དུས་དྲན་སྟེང་ཕེབས་མཁན་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་ཚ་མོ་སྤྱི་ཟུར་ཨ་འབྲུག་ཆོས་སྐྱིད་ལགས་སུ་དུས་དྲན་དང་འབྲེལ་བའི་མྱོང་ཚོར་བཅར་འདྲི་ཞུས་པར། “བོད་ཀྱི་གནས་བབ་ཉ་ཕྲག་པའི་སྐབས་སུ་བསྟན་སྲུང་དང་བླངས་དམག་གི་མགོ་ཁྲིད་དང་དམག་མི་ཚོས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་པ་དེ་ང་ལ་ཧ་ཅང་བློ་སྤོབས་ཡོང་གི་འདུག ད་ལྟ་ཆུ་བཞི་སྒང་དྲུག་ཁག་གཉིས་སུ་ཆགས་ཡོད་པ་དེར་དཔེ་མི་སྲིད་པའི་བློ་ཕམ་འདུག ག་རེ་རེད་ཟེར་ན། ད་ལྟ་ང་ཚོ་བོད་པའི་གནས་སྟངས་ཧ་ཅང་ཛ་དྲག་གཉན་འཕྲང་ཞིག་ཏུ་ལྷག་ཡོད། བོད་མི་རིགས་དང་རིག་གཞུང་བཅས་པ་རྩ་མེད་འགྲོ་བའི་ཉེན་ཁར་ཐུག་ཡོད་སྐབས་འདིར་མདོ་སྟོད་ཡོངས་རྫོགས་ཆིག་བསྒྲིལ་ཡོང་རྒྱུ་ཧ་ཅང་གལ་ཆེན་རེད། འདས་པའི་ལོ་རྒྱུས་ནང་ག་རེ་བྱུང་ཡོད་མེད་ཚས་མཁྱེན་གསལ་རེད། ༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་སྐྱོད་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ཚང་མ་ཆིག་བསྒྲིལ་བྱས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལམ་སྟོན་ཁག་འབད་སྒྲུབ་ཞུས་པ་ཡིན་ན་ཏན་ཏན་ཞབས་འདེགས་ཡག་པོ་ཞུ་ཐུབ་ངེས་རེད་བསམ་གྱི་འདུག ང་ཚོ་ཁག་གཉིས་སུ་གྱེས་ཡོད་པ་དེ་ནི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཞིག་ཆགས་ཡོད་སྟབས། ཚང་མས་སྤྱི་བའི་རྩ་དོན་གལ་ཆེར་བཟུང་སྟེ་ཕན་ཚུན་གཉིས་གས་གུ་ཡངས་ཀྱིས་ཆིག་སྒྲིལ་ཐོག་ལས་དོན་བསྒྲུབ་ཐུབ་པ་ཡིན་ན་བོད་བསྟན་སྲིད་དང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ངེས་རེད ”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 11

  1. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    མདོ་སྟོད་མི་མང་མགོ་རྨོངས་མཁན་ཚོས་༢༠༠༡ལོ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཡིག་ཆ་ཨང་དགུ་པ་ཟེར་བ་དེ་ལ་ཡག་པོ་གཟིགས་རོགས་ཞུ་རྒྱུ་ཡིན །དེ་མིན་མང་པོ་བཤད་བསྡོད་ན་སྐུ་ལས་ཆེན་རོགས་རེད །ངས་མཆན་དང་པོ་དེ་དུས་བབས་ཚང་གིས་མེད་པ་བཟོས་འདུག །ད་རིང་མང་པོ་ཞུ་རྒྱུ་མེད །མདོ་སྟོད་མི་མང་གཙོ་བྱེད་བའི་བོད་མི་ཡོངས་ཀྱི་ཡིག་ཆ་ཨང་དགུ་པ་ལ་ཡག་པོ་གཟིགས་རོགས་ཞེས་ཡང་ཡང་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གཏན་གཏན་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་དགོངས་འགལ་མེད་སྒྲུབ་བཞིན་ཡོད་དམ།

    Reply
  3. རྒྱ་རྙི། says:
    ལོ་ 12 སྔོན།

    ངས་ནི་མདོ་སྟོད་གསར་རྙིང་གི་ཁྱད་པར་མི་ཤེས་མོད་ལྷ་རྒྱ་རིར་འཚོགས་པའི་མདོ་སྟོད་ཆུ་སྒང་གིས་མདོ་སྟོད་སྤྱི་འཐིས་ཁག་དང་མཉམ་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་མགྲོན་འབོད་བྱེད་དོན་ག་རེ་རེད་དམ། སྤྱི་འཐུས་ཚོགས་གཞོན་སོགས་ཕེབས་ཏེ་ཚོགས་པ་འདིར་ལམ་སྟོན་གནང་གིན་ཡོད་ཚུལ་འདུག དེ་ན་ལྡི་ལིར་ཡོད་པའི་ཆུ་སྒང་ནས་བཏོན་པའི་གོང་ས་མཆོག་དང་།བོད་གཞུང་ལ་སྐྱོན་བརྗོད་གནང་བའི་དེབ་དེ་ཕྱིར་བསྡུ་བྱས་ཏེ་མདོ་སྟོད་གཅིག་གྱུར་ཡོང་བར་ཤུགས་སྣོན་ཅིའི་ཕྱིར་མ་བྱས་པ་ཡིན་ནམ། སོ་སོའི་གོ་གནས་དང་འོས་ཤོག་གི་ཆེད་དུ་གོང་ས་མཆོག་དང་།བོད་གཞུང་གི་བཀའ་དྲིན་བསམ་ཤེས་དོར་ན་དཀོན་མཆོག་གིས་ཁྱེད་ཚོར་ཉེས་ཆད་གཅོད་པ་དང་ལས་འབྲས་ཀྱིས་ཉེས་ཅན་ཡན་པོར་མི་གཏོང་རྒྱ་སློབ་དཔོན་གྱི་དམ་ཚིག་ཏུ་བཞག་པ་ཡིན།

    Reply
  4. སྙིང་མིག says:
    ལོ་ 12 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༥་འཁོར་བའི་ཉིན་མོར་ཆུ་སྒང་དབུས་དང་ས་གནས་ཡོངས་རྫོགས་ནས་དུས་དྲན་ལ་བརྩི་སྲུང་བྱས་ཡོད་ཅིང་། ཕ་ཤུལ་བུས་འཛིན་གྱི་བྱ་བ་དེ་དག་བྱེད་འོས་པ་དང་འགན་ཁུར་དགོས་པ་ཞིག་ཆགས་ཡོད་པ་རེད།
    འདིར་ནན་གྱིས་ཤོད་འདོད་པ་ཞིག་ལ། མདོ་སྟོད་ཀྱི་མི་ཁ་ཤས་ནས་དྲང་པོ་ཡིན་མདོག་དང་། བདེན་པ་ཡོད་མདོག ལྷག་བསམ་ཆེ་མདོག ལངས་ཕྱོགས་བརྟན་མདོག་སོགས་ཀྱིས་ས་འོག་དར་ཐག་དང་། གཡོ་སྒྱུའི་ཁུག་པ་དྲངས་ནས་མདོ་སྟོད་ནང་ཁུལ་ལ་མི་མཐུན་པ་བྱེད་བཞིན་པ་ནི་ཤེས་དགོས་པའི་གནད་དོན་རེད་ལ། བཙན་བྱོལ་དུ་ཡོད་པའི་མདོ་སྟོད་མི་དམངས་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་ལ་ཆུ་སྒང་ཚོགས་པ་གཉིས་པ་ཞིག་འདས་མ་ད་གསུམ་ལ་ཡོད་མ་མྱོང་ཞིང་། དྷ་སའི་མི་འཁྱམ་ཁ་ཤས་ནས་རང་ཤ་གཅོད་ནས་ཁྱི་སྔུན་འཕེན་བཞིན་པ་དེ་དག་ནི་སྤྱི་མིང་གིས་སྒེར་དོན་གཉེར་བཞིན་པ་ཤེས་དགོས་པའི་གནད་ཀ་ཆེ། ཁོ་པ་ཚོའི་གཏོར་བཤིག་གི་ལས་འགུལ་དེ་དག་ལ་མཐོང་ཆེན་ཡིན་མདོག་གིས་ཆུ་སྒང་ཚོགས་པ་དང་བང་ཁ་མཉམ་གཤིབ་བྱེད་པ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་དམངས་ཀྱི་སེམས་ལ་མདུང་བསྣུན་པ་རེད་ལ། མདུན་སྒྲིལ་གྱི་འོ་མ་ལ་ཐལ་བ་བཏབས་པ་རེད།

    Reply
  5. སེང་གེ་བཟང་པོ། says:
    ལོ་ 12 སྔོན།

    ང་ལས་ཀ་དྲང་པོ་བྱེད་མཁན། སྒོར་མོ་མང་པོ་མེད་མཁན་ངྷ་སའི་ཆུ་བཞི་སྒང་དྲུག་གི་ལས་ཁུངས་ལ་སོང་མྱོང། ངོ་མ་སྐྱབས་བཅོལ་པ་རང་རེད། ཡིན་ནའང། ཁོང་ཚོར་ཆུ་སྒང་གི་མིང་འཁྱེར་མཁན་གཞན་དེས་མཚན་སྨོད་ག་རེ་ཞུས་མིན་གྱི་དཔང་རྟགས་སྟོན་ལབ་ཡིན། སྐབས་དེར་ཁོང་ཚོས་ཀེ་ཏ་ཀ་ཞེས་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་སོགས་ཀྱིས་གཙོ་སྒྲུབ་གནང་བའི་དེབ་མང་པོ་སྤྲད་སོང། དེར་ཚང་མས་ཐེངས་གཅིག་ཀློག་དང། དངོས་གནས་བྱས་ན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་དེར་སྐུ་མགྲོན་དུ་འགྲོ་རྒྱུའི་གནས་བབ་གང་ན་ཡོད། རྩ་བ་ནས་མི་འདུག་བསམས། སྔོན་མར་གསུང་འཕྲིན་ཞིག་གནང་འདུག་ཟེར།

    Reply
  6. བསོད་ནམས་རྡོ་རྗེ། says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ཚང་གིས་གསར་འགྱུར་ཆ་སྙོམས་པོ་སྤེལ་འདུག་ཐུགས་རྗེ་ཆེ། ལྷག་པར་དུ་མི་སུ་དང་སུས་སྐད་ཆ་གང་དང་གང་བཤད་པ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཞག་ཕབ་སྟེ་སྤེལ་བ་ཡིན་ན་བསམ་བློ་གཏོང་རྒྱུ་དང་རིན་ཐང་ཆེན་པོ་ཡོད་པ་ཞིག་རེད། གསར་འགྱུར་གྱི་ཁ་བྱང་དེས་ཆུ་སྒང་སྒྲིག་འཛུགས་ལ་དྲི་བ་ནག་པོ་ཞེ་དྲག་བཏང་འདུག

    Reply
  7. འཇིགས་མེད་གེ་སར། says:
    ལོ་ 12 སྔོན།

    བོད་བརྟན་སྲུང་ལས་དོན་ཐད་བོད་དམག་གིས་ད་སྔ་ཞབས་འདེགས་ཆེན་པོ་ཞུས་ཡོད། འོན་ཀྱང་དེང་སྐབས་ནུབ་ཕྱོགས་ཁུལ་དུ་འཇམ་ནོར་སོགས་དང་། ཤར་ཕྱོགས་སུ་ཀརྨ་ཆོས་འཕེལ་སོགས་ཀྱིས་ཆུ་བཞི་སྒང་དྲུག་གི་མིང་འཁུར་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ཀྱི་བཀའ་དགོངས་ལས་འགལ་ནས་ལས་དོན་སྒྲུབ་བཞིན་ཡོད། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱེད་ཀྱི་ཡོད། མི་འདི་ཚོའི་གྲས་ཀྱི་ཆུ་བཞི་སྒང་དྲུག་གི་མཚན་སྙན་གཟི་བརྗིད་ལ་གནོད་ཀྱི་ཡོད་པ་དེ་ང་རང་ཚོ་ཚང་མས་ཤེས་པར་བྱས་ནས། དུས་རྒྱུན་དམག་རྒྱག་གི་ཡིན་མདོག་མདོག་དང་རང་བཙན་ལེན་གྱི་མདོག་མདོག་བྱེད་སྐབས་དོགས་ཟོན་བྱ་དགོས། འདི་རྒས་པོའི་ཉམས་མྱོང་ཡིན།

    Reply
  8. རྫ་ཆུའི་ཟླ་བ། says:
    ལོ་ 12 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་དབུ་བརྙེས་ནས་མི་ལོ་༥༤ འཁོར་བའི་དེ་རིང་བོད་བསྟན་སྲིད་ཀྱི་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་བའི་རླབས་ཆེན་དཔའ་བོ་དཔའ་མོ་ཚོ་རྗེས་སུ་དྲན་པར་བསྔགས་བརྗོད་ཡི་རང་ཡོད།
    ཆུ་བཞི་སྒང་དྲུག་གིས་༧གོང་ས་མཚོག་གི་བཀའ་དགོང་བཞིན་བསྒྲུབས་དང་སྒྲུབས་བཞིན་ཡོད་པ་གསལ་བོ་རེད་ལ་དམིགས་བསལ་རྡ་སར་གནས་པའི་ཆུ་སྒང་རིགས་གནས་འཛིན་གྲྭ་དེ་དངོས་གནས་རང་མི་མང་པོ་ལ་ཕན་ཐོགས་རླབས་ཆེན་ཡོང་གི་འདུག དེ་ཅམ་དུ་མ་ཟད་ཆུ་སྒང་ས་གནས་ལས་ཁུང་ཁག་གིས་གསར་འབྱོར་བ་ཚོ་ལ་གང་ཐུབ་ཐུབ་ཀྱིས་Rc རྒྱབ་གཉེར་ཡིག་སོགས་ཀྱི་ཐད་ལ་དངོས་ཡོད་གནས་སྟངས་ལ་སྨན་པའི་ཐུགས་འཁུར་གནང་བཞིན་པར་དཀའ་དྲིན་ཞཱུ་བཞིན་ཡོད།

    Reply
  9. བོད་དགའ། says:
    ལོ་ 12 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ཏེ་མི་ལོ་ ༥༤ འཁོར་བའི་དུས་དྲན་སྲུང་གཙི་ལ་སྙིང་ནས་གུས་དུད་དང་། བོད་བསྟན་སྲིད་མི་རིགས་བཅས་ཀྱི་ཆེད་དུ་སྐུ་གཤེགས་པའི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཞུ།
    ཐུབ་ལེགས་ཀྱིས་“མདོ་སྟོད་ཆིག་བསྒྲིལ་ཟེར་པ་དེ་དཀའ་ངལ་ཞིག་ཆགས་བསྡད་ཡོད་རེད། ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ཐོག་སྔོན་མ་བྱས་ཉེས་བཞག་ཡོད་དེ་གཙང་མ་ཞིག་བཟོས་པ་ཡིན་ན། མདོ་སྟོད་མི་འགྲིག་པ་གང་ཡང་ཡོད་པ་མ་རེད།།” ཟེར། ༸རྒྱལ་བའི་སྤྱན་སྔར་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་བྱས་ཚར་ནས་ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་ཁང་དང་། དེ་འབྲེལ་ས་གནས་བཞི་ཅུ་མ་ཟིན་ཙམ་ཞིག་གིས་སྐྱོང་བའི་ཚོགས་པ་འདི། དབུས་བོད་མའི་སྒྲིགས་འཛུག་གིས་ཐད་གཏོང་བཀའ་བློན་རྣམ་པ་དང་འོས་བསྡུའི་སྒྲིག་གཞིའི་ལམ་ནས་འདེམ་སྐོ་བྱས་པ་རེད། ད་དུང་གཙང་མ་བཟོ་རྒྱུ་ཞིག་ག་པར་ལྷག་བསྡད་ཡོད་ན། གལ་སྲིད་དེ་ལྟ་བུའི་ཚོགས་པ་གཞུང་གིས་ལེན་དང་གཙང་མ་མེད་པ་ཞིག་ལྷག་བསྡད་ཡོད་ན་དེ་ནི་ཕལ་ཆེར་མི་རྒན་འདིའི་ཚོགས་པ་དེ་ཡིན་རྒྱུ་རེད།
    མ་གཞི་ད་བར་མི་རྒན་འདིའི་ཁ་གཅིག་ནས་ལྕེ་གཉིས་འདྲ་ཐོན་ནས་བསྡད་བཞག་པ་རེད། སུ་ཞིག་སུ་དང་ཆིག་སྒྲིལ་དགོས་ས་རེད། བཙན་བྱལ་བོད་མིའི་སྒྲིགས་འཛུག་གིས་ངོས་ལེན་ཡོད་མེད་ལ་ལྟ་ན་དེ་གས་མཐུས་ཀྱི་རེད།

    Reply
  10. སེང་གེ་བཟང་པོ། says:
    ལོ་ 12 སྔོན།

    ཨོ་ཅིག་བརྗེད་འདུག བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་འགོད་སྟངས་དངོས་གནས་ཡག་གི ཁ་ཤས་ད་སྙིང་རྗེ་བོ་རེད་ཡ།།

    Reply
  11. སེང་གེ་བཟང་པོ། says:
    ལོ་ 12 སྔོན།

    ལི་ཐང་ཨ་ཐར་གྱི་བརྙན་ཐག་དེ་གཅིག་པོར་ཐེངས་གཅིག་བལྟས་ན་ཧ་གོ་དོན་གསལ་རེད།

    ང་ནི་མདོ་སྟོད་པ་ཞིག་མིན་ཡང། ཐུབ་བསྟན་ལེགས་བཤད་ཨ་འབྲུག་མཆོག་གི་ཚ་མོ་སོགས་ཀྱི་ཤོག་ཁག་དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།
    འོན་ཀྱང་ཐུབ་ལེགས་ཀྱིས་་”མཁོ་ཁམས་ཆུ་བཞི་སྒང་དྲུག་དང་ཨ་མདོ་”ཟེར་བ་དེ་ལོ་རྒྱུས་མ་ཤེས་པའི་རྟགས་རེད། དེ་རིགས་བཟོ་བཅོས་བྱས་ན་ཡག་གི་རེད། མ་བྱས་ནའང། ཁྱད་པར་གེ་ཡོད་པ་མ་རེད། མ་ཤེས་པ་རེད་ཝ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese