བོད་མདོ་སྨད་མཛོད་དགེ་རྫོང་བྱམས་མེ་དགོན་པའི་དགེ་འདུན་པ་ ༢ རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་ཕ་ཡུལ་བྱམས་མེ་ནས་ཡིན་པའི་དགེ་འདུན་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་མདོ་སྨད་མཛོད་དགེ་རྫོང་བྱམས་མེ་དགོན་པའི་ཕྱག་མཛོད་གྲྭ་བསམ་གཏན་རྒྱ་མཚོ་ལགས་དགོན་པའི་གཞུང་དོན་ཞིག་གི་ཆེད་གྲྭ་བ་འགའ་དང་མཉམ་དུ་སི་ཁྲོན་ཁྲིན་ཏུའུ་རུ་སོང་ཡོད་པ་དང་། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༢ ཙམ་ལ་མགྲོན་ཁང་ཞིག་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་ཅིང་། དེ་ནས་བཟུང་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པ་ཆགས་ཡོད་འདུག
གྲྭ་བསམ་གཏན་རྒྱ་མཚོ་ལགས་འཛིན་བཟུང་བྱས་ནས་ཉིན་ཤས་རྗེས། བྱམས་མེ་དགོན་པའི་གྲྭ་བྱམས་པ་ཆོས་གྲགས་ལགས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། ཡུལ་མི་ཚོས་ཁོང་འཛིན་བཟུང་བྱེད་མཁན་རྔ་པ་ཁུལ་དང་ཡང་ན་སི་ཁྲོན་ཞིང་ཆེན་ནས་ཡོང་ཡོད་པར་རྗོད་ཀྱི་ཡོད་འདུག
ས་གནས་མི་མང་གིས་བརྗོད་པ་ལྟར་ན། གོང་གི་གྲྭ་བ་དེ་གཉིས་བར་གཉེན་ཉེ་དང་གྲོགས་པོའི་འབྲེལ་བ་མེད་ལ། ཕྱག་ལས་ཀྱི་ཐད་ནས་ཀྱང་འབྲེལ་བ་གང་ཡང་མེད་སྟབས། ད་ལྟའི་ཆར་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གྲྭ་བསམ་གཏན་རྒྱ་མཚོ་ལགས་ནི་མཛོད་དགེ་རྫོང་བྱམས་མེ་ཞང་ཕྱུགས་ར་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༤༦ ཡས་མས་ཡིན་འདུག ཁོང་གི་མ་མིང་ལ་ཨ་ཁྲང་དང་། ཕ་མིང་ལ་ཚེ་ཁོ་ཟེར་ཞིང་ཚེ་ལས་འདས་ཡོད་འདུག གྲྭ་བྱམས་པ་ཆོས་གྲགས་ལགས་མཛོད་དགེ་རྫོང་བྱམས་མེ་ཞང་ཧུ་ར་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༤ ཙམ་ཡིན་ལ། མ་མིང་ལ་རྩང་མོ་དང་། ཕ་ཚེ་ལས་འདས་ཟིན་ཡོད་འདུག