བོད་
བོད་ཕྱི་ནང་གཉིས་སུ་མེ་ལྕེ་དྲག་ཏུ་འབར་བཞིན་འདུག་ལ། རྒྱ་ནག་གཞུང་གི་སྨྱོ་ཧམ་ཀྱང་ཇེ་ཆེར་འགྲོ་བཞིན་འདུག པེ་ཅིན་གཞུང་གི་ཁ་དང་ལག་པ་ཨ་མདོའི་འབྲོག་པའི་སྦྲ་སྒོར་འཛུལ་བ་དང་། ལྷ་སའི་གྲྭ་རྐྱང་དཀྱུས་མའི་མཆོད་སྒྲོམ་ནང་སྲིང་ཡོང་གི་འདུག ངྷ་རམ་ས་ལའི་གཞུང་ལ་གྲག་འགུལ་མེད་པར་ཟླ་འགའ་འགོར་སོང་ལ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཀྱང་ཁ་ཁུ་སིམ་མེར་ལོ་ཕྱེད་ཕྱིན་སོང་།
མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ལྟ་བུའི་ལས་འགུལ་དམ་དུམ་རིགས་སླར་ཡང་མགོ་འཛུགས་བྱེད་པར་རེ་བ་རྒྱག་གི་མེད་ལ། ལས་འགུལ་འདི་རིགས་ཀྱི་སྦྱོར་དངོས་མཇུག་གསུམ་ལ་ཡི་ག་སྔོན་མ་ནས་འགག་ཚར་ཡོད། རྒྱ་གར་ཡུལ་མི་ཚོར་སུན་པོ་བཟོ་བཞིན་ཡོད་པ་ཨ་ཅང་ཅང་། བོད་པ་ནང་ཁུལ་ནས་ཀྱང་ཉོབ་སྣང་བྱེད་མཁན་ཇེ་མང་རེད། ད་ནི་ང་ཚོས་ལས་འགུལ་འདི་རིགས་གཏན་དུ་མཚམས་འཇོག་གམ་ཡང་ན་རྦད་དེ་ཇེ་ཉུང་དུ་གཏོང་དགོས་ཀྱིན་འདུག
རིང་ས་ནས་མི་ལོ་ལྔ་བཅུར་མར་མེ་ཁྲོམ་སྐོར་དང་སྐད་འབོད་བརྒྱབ་ནས་ཡོང་བ་རེད་ཟེར་ཆོག་ལ། ཉེ་ས་ནས་ཉིས་སྟོང་བརྒྱད་ཚུན་ལ་རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་མང་འདུ་འཛོམས་དང་སྐད་འབོད་ཁྲོམ་སྐོར་བྱས་པ་བགྲང་གིས་མི་ལངས། ལས་འགུལ་འདི་རིགས་ཀྱིས་རང་སེམས་སྐྱིད་ལ་སྐུར་མཁན་ཚོར་རྟེན་ཅིང་འབྲེལ་འབྱུང་གི་གྲུབ་འབྲས་རེ་བརྩི་རྒྱུ་ཡོད་སྲིད་མོད། རྩ་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་སྔོ་གང་ཡང་ཐོགས་མེད་ལ། ས་ཡ་དྲུག་གི་ཞེ་འདོད་ལ་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་སྣང་བ་བན་བུན་བོད་ཕྱི་ནང་གཉིས་སུ་འཁོར་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་བསྙོན་ཐབས་མེད།
དུས་རབས་ཕྱེད་ཀའི་རིང་བོད་པའི་མི་རབས་འདི་རྣམ་དཔྱོད་ལྡན་པའི་ཕུགས་བསམ་རིང་ལུགས་པ་ཞིག་ལས་སྐབས་དོན་འཚོལ་བའི་ཆབ་སྲིད་རིང་ལུགས་པ་ཞིག་ཏུ་གསོ་སྐྱོང་བྱས་ཡོད། ད་ནི་ང་ཚོ་མུ་མཐུད་ནས་མུན་ནག་གི་ཕྱོགས་སུ་ཉེན་མཆོངས་མི་བྱེད་པར། ཤེས་རབ་འོད་དཀར་གྱི་ལམ་བུ་ཞིག་ལ་གོམ་ཁ་ཕྱོགས་པར་ཅི་ནས་ཀྱང་འབད་དགོས། ཁ་ཁུ་སིམ་པོའི་ཟླ་ངོ་འདི་དག་ནང་ངྷ་སའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཀྱང་འཆར་གཞི་གསར་པ་བསྒྲིགས་ཏེ་ལས་འགུལ་གསར་པ་སྤེལ་བར་གྲ་སྒྲིག་བྱེད་ཀྱིན་ཡོད་པར་རེ་བ་དང་ཡིད་ཆེས་བྱེད་ཀྱིན་ཡོད།
དུས་རབས་སྔ་མའི་ལོ་རབས་སུམ་ཅུ་དང་བཞི་བཅུའི་ནང་ང་ཚོའི་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག་གཉིས་ཀས་འཐབ་རྩོད་བྱེད་བཞིན་པའི་སྐབས་རེད། ཡོ་ལང་དེའི་མཇུག་དག་ཏུ་བོད་པའི་རང་བཙན་ཤོར་ཡོད། བཙན་བྱོལ་བོད་མིའི་འཐབ་རྩོད་བྱེད་ཕྱོགས་འདིའི་ཕྱི་ནང་གསང་གསུམ་རྒྱ་གར་ལ་དཔེ་བལྟས་ཏེ་བཞེངས་སྐྲུན་བྱས་ཡོད་ཀྱང་། ང་ཚོས་དངོས་སུ་ལག་བསྟར་བྱེད་སྐབས་ཆེ་བསྐྱུར་ཆུང་ལེན་བྱས་ཡོད། ད་ནི་ང་ཚོས་མི་དང་བསམ་བློ་བཟོ་སྐྲུན། སྐད་ཡིག་རིག་གནས་འཛུགས་སྐྲུན། ཁྱིམ་གཞིས་དང་ཁོར་ཡུག་འཛུགས་སྐྲུན་ནས་མགོ་བཙུགས་ཏེ་འཐབ་རྩོད་བྱེད་ཕྱོགས་གསར་པར་རྨང་གཏོང་དགོས།
རྒྱ་གར་རང་བཙན་འཐབ་རྩོད་ནང་གི་སྒྲུབ་ཕྱོགས་འཛུགས་སྐྲུན་ལས་འགུལ་གྱི་ལེགས་ཆ་དག་ངེས་པར་དུ་ལེན་དགོས་ལ། དེང་གི་དཀྱིལ་ཤར་ཡུལ་གྲུའི་དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་ཁག་གི་ཉམས་མྱོང་དང་། ཤར་ཕྱོགས་རྒྱ་ནག་གི་ཤེས་ཡོན་སློབ་གསོའི་ལས་འགུལ། ནུབ་ཕྱོགས་ཨ་རི་དང་ཡུ་རོབ་ནང་གི་ཚན་རྩལ་རིག་གནས་བསྐྱར་དར་གྱི་སྙིང་སྟོབས་དག་ཀྱང་བསྡུས་ཏེ། ཡང་སྙིང་ད་ནས་ང་ཚོས་སྐབས་དོན་ཆབ་སྲིད་ཕལ་བ་དང་བསམ་བློའི་ཆབ་སྲིད་དཀྱིལ་སྙིང་དུ་བཟུང་སྟེ། ཤེས་ཡོན་སློབ་གསོ་དང་བོད་པའི་རིག་གཞུང་བསྐྱར་གསོའི་ལས་འགུལ་ནས་མགོ་བཙུགས་ཏེ་འཐབ་རྩོད་བྱེད་དགོས།།