དེ་རིང་སྔ་དྲོར་ངྷ་སྟེང་བོད་ཁྱིམ་བཟོ་གྲྭར་དཔལ་འབྱོར་ལས་ཁུངས་དང་རྒྱ་གར་གྱི་ཚོང་ལས་སྡེ་ཚན་ཞིག་མཉམ་འབྲེལ་ཐོག་དྲ་ཐོག་ཚོང་ལས་སྡེ་ཚན་ཞིག་གསར་འཛུགས་གནང་སོང་ལ། ལས་གཞི་དེ་ནི་བོད་རིགས་གཞོན་སྐྱེས་ལས་མེད་ཚོའི་དཀའ་ངལ་སེལ་ཐབས་ཡིན་ཚུལ་གོ་སྒྲིག་པས་བརྗོད་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་རྒྱ་གར་གྱི་ཁེ་ལས་སྡེ་ཚན་ཆེ་གྲས་ཨོ་ཀེ་སི་(OKS)ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་ཐོག ངྷ་སྟེང་བོད་ཁྱིམ་བཟོ་གྲྭའི་ཉེ་འཁྲིས་སུ་དབུ་མ་གླིང་དྲ་ཐོག་ཚོང་ལས་སྡེ་ཚན་(Uma Ling Technical Solutions)ཞེས་པ་ཞིག་གསར་དུ་སྒོ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག་ལ། དེ་མིན་ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན། ཆོས་རིག་བཀའ་བློན། འཕྲོད་བསྟེན་བཀའ་བློན། བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་བཅས་ཕེབས་འདུག ལས་གཞི་དེ་ནི་བོད་རིགས་གཞོན་སྐྱེས་ཚོར་ལས་ཀ་རག་ཐབས་སུ་དམིགས་ཏེ། རྒྱ་གར་དང་ཕྱི་རྒྱལ་གྲོང་ཁྱེར་ཆེ་ཁག་ཏུ་བཙུགས་ཡོད་པའི་དྲ་ཐོག་ཚོང་ལས་སྡེ་ཚན་ (Call center)ཞེས་པ་དེ་ཡིན་ཞིང་། ལས་གཞི་འདིར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱིས་ས་ཆ་དང་ལས་མི་ཐབས་འཚོལ་གནང་རྒྱུ་དང་། རྒྱ་གར་ཨོ་ཀེ་སི་ཚོགས་པས་ལས་གཞི་འཆར་འགོད་དང་འཛིན་སྐྱོང་བཅས་ཀྱི་འགན་འཁྱེར་རྒྱུ་ཡིན་འདུག
དྲ་ཐོག་ཚོང་ལས་སྡེ་ཚན་འདིར་ད་ལྟའི་ཆར་ལས་མི་བོད་རིགས་གཞོན་སྐྱེས་ཕོ་མོ་ ༤༥ ཙམ་ཡོད་པ་དང་། ལས་ཀའི་ངོ་བོ་རིགས་གཉིས་ཡོད་པ་ལས། རིགས་གཅིག་ནི་དྲ་ཚིགས་དང་ཁ་པར་སོགས་བརྒྱུད་ངག་ཐོག་ཚོང་འབྲེལ་དང་། རིགས་གཞན་དེ་ནི་དྲ་ཐོག་གཅིག་པུ་ནས་གནས་ཚུལ་གཏོང་ལེན་སོགས་ཀྱི་ཚོང་འབྲེལ་ཡིན་འདུག སྔ་མ་དེའི་ནང་ལས་མི་གསར་ཞུགས་སྐབས་ཟླ་བ་རེར་ཕོགས་ཧིན་སྒོར་ ༨༠༠༠ ཡིན་པ་དང་། རྗེས་མ་དེར་ཟླ་ཕོགས་ཧིན་སྒོར་ ༦༥༠༠ རེ་བཅས་ཡིན་འདུག གོ་སྒྲིག་པས་ངོ་སྤྲོད་གནང་བ་ལྟར་ན། ལོ་རྗེས་མ་ནས་ལས་ཀ་བྱེད་མཁན་ ༦༠ ནས་ ༩༠ བར་ལས་ཞུགས་ཐུབ་པའི་དམིགས་ཚད་བཟུང་པ་དང་། ད་རེབ་ཀྱི་ལས་གཞི་འདི་ལམ་ལྷོངས་བྱུང་ན་རིམ་གྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཞན་དུ་འཛུགས་རྒྱུ་ཡིན་འདུག
སྐབས་དེར་ལས་གཞིའི་འབྲེལ་མཐུད་པ་ལྕམ་ཌེ་བྷོ་རཱ་(Dr.Deborah Akers) ཡིས་ལས་གཞི་ངོ་སྤྲོད་གནང་སྐབས། རང་ཉིད་ཨ་རི་བ་ཞིག་ཡིན་པ་དང་འདས་པའི་ལོ་བཅུ་ལྷག་རིང་རྒྱ་གར་དུ་ཡོང་སྟེ། རྒྱ་གར་བ་དང་བོད་མིའི་སྤྱི་ཚོགས་ནི་སོ་སོའི་སྙིང་ཉེ་ཤོས་ཤིག་ཏུ་གྱུར་ཡོད་སྐོར་བརྗོད་པ་དང་། ལས་གཞི་འདི་ནི་བརྡ་འཕྲིན་བརྒྱུད་ལམ་ཐོག་ནས་ཚོང་ལས་གཉེར་མཁན་གྱི་ཁེ་ལས་སྡེ་ཚན་(BPO) ཞིག་ཡིན་པ་དང་། སྡེ་ཚན་འདིའི་ལས་དོན་ཁག་ནི་རྒྱལ་ཁབ་ཕྱི་ནང་གཉིས་ཀར་ཁྱབ་ཀྱི་ཡོད་པ། ད་ལྟའི་ཆར་ངག་ཐོག་འབྲེལ་ལམ་(Voice process) དང་དྲ་ཐོག་གནས་ཚུལ་བསྡུ་རུབ་(web mining) གཉིས་དངོས་སུ་ལག་བསྟར་མགོ་འཛུགས་བྱེད་ཀྱི་ཡོད་ཀྱང་། རིམ་བཞིན་ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད་ཐོག སྨན་རིགས་ལམ་སྟོན་(Medical Transcription) དང་། པར་རིས་ཇུས་འགོད་ (Graphics) སོགས་ལག་བསྟར་བྱ་འཆར་ཡོད་པ། ལས་བྱེད་ཚོ་ཆ་བགོས་བརྒྱབ་སྟེ་མཚན་ལས་དང་ཉིན་ལས་གཉིས་ཀྱི་ཐོག་ནས་ཆུ་ཚོད་ ༢༤ རིང་ལས་ཀ་བྱེད་འཆར་ཡོད་སྐོར་སོགས་བརྗོད་བྱུང་།
ཁོ་མོས་མུ་མཐུད་ “ང་ཚོ་འདིར་ཚོང་གཅིག་པུ་མ་ཡིན་པར་ཁྱིམ་ཚང་ཞིག་གི་ངོ་བོར་འཛོམས་ཡོད། ཨུ་མ་གླིང་གི་དམིགས་ཡུལ་གཙོ་བོ་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཡོད་མེད་གཉིས་ཀར་ལས་ཀ་སྤྲད་དེ་ལས་མེད་ཀྱི་དཀའ་ངལ་སེལ་རྒྱུ་དེ་ཡིན། བརྡ་འཕྲིན་ཚོང་གཉེར་ལས་གཞི་འདིས་ཁོང་ཚོའི་མི་ཚེ་ལ་ཕན་ནུས་ཐོན་པའི་རེ་བོ་ཡོད། ”ཅེས་བརྗོད་ཡོད།
དེའི་རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས། ལྕམ་ཌེ་བྷོ་རཱ་ཡི་འབྲེལ་མཐུད་དང་དཔལ་འབྱོར་བཀའ་བློན་གྱིས་ཁེ་ལས་ཚོགས་པའི་ཨ་མར་འབྲེལ་ལམ་བཙུགས་ཏེ་ལས་འཆར་བསྒྲིགས་པ། བོད་ཁྱིམ་སློབ་གྲྭས་ཨུ་མ་གླིང་གི་ས་ཆའི་མཐུན་འགྱུར་གནང་པ་བཅས་ལ་བརྟེན་ནས་ལས་གཞི་འདི་དངོས་སུ་མགོ་འཛུགས་ཐུབ་ཡོད་པ་དང་། དེར་བཀའ་ཤག་སྐབས་ ༡༤ པའི་ངོས་ནས་ལས་གཞི་འདི་ཧ་ཅང་གལ་ཆེན་དུ་གཙི་བཞིན་ཡོད་སྐོར་ངོ་སྤྲོད་དང་། ཁོང་གིས་མུ་མཐུད་དུ་རྒྱ་གར་གྱི་ཨོ་ཀེ་སི་ཁེ་ལས་ཚོགས་པའི་སྤྱིན་བདག་སྐུ་ཞབས་ཁཱན་ནཱ་(Vinit Khanna) ངྷ་སར་ཡོང་སྟེ་བཀའ་ཤག་དང་གྲོས་བསྡུར་མང་པོ་བརྒྱུད། བོད་པའི་སྤྱི་ཚོགས་ནང་ཁོང་གི་ཁེ་ལས་ཚོགས་པའི་ཡན་ལག་ཅིག་འཛུགས་རྒྱུར་མོས་མཐུན་བྱས་ཡོད་པ་དང་། དེ་ནི་སྤྱིར་ཁོང་གིས་ཧི་མ་ལ་ཡའི་རི་བརྒྱུད་དུ་ལས་གཞི་འཛུགས་འཆར་ཡོད་པ་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ཁྲོད་ཡན་ལག་ཞིག་འཛུགས་རྒྱུའི་བསམ་བློ་ཡོད་པ་བཅས་ལ་བརྟེན་བྱུང་ཡིན་སྐོར་གསུངས་སོང་།
སྲིད་སྐྱོང་མཆོག་གིས་ “བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལྡི་ལི་དང་བྷིང་ལོར་སོགས་སུ་ཡོད་པའི་བྷི་པི་ཨོ་(BPO) ཡན་ལག་སྡེ་ཚན་ཁག་ཏུ་ལས་ཀ་བྱེད་བཞིན་པ་རྣམས། རིམ་བཞིན་བོད་པའི་སྤྱི་ཚོགས་ལ་ཕྱིར་ལོག་ཐུབ་པ་ཞིག་དང་། བོད་པའི་སྤྱི་ཚོགས་ནང་ལས་ཀ་སྤྲོད་ཐུབ་པ་ཞིག་བྱུང་ན། དེས་ལས་ཀ་ཙམ་མ་ཡིན་པར་ནུས་སྟོབས་སྤྲད་པ་ཞིག་ཡིན། ལས་གཞི་འདི་ནི་རྒྱ་གར་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་བར་མཉམ་ལས་བྱས་པ་ཐེངས་དང་པོ་ཆགས་ཡོད།” ཅེས་གསུངས་སོང་།
མཐར་ཁོང་གིས་ལས་གཞི་འདིའི་ཐད་སྦྱོང་བརྡར་སྤྲད་ཟིན་པ་དང་སྤྲོད་བཞིན་པའི་ལས་མི་དག་ལ་དམིགས་ཏེ། ཁོང་ཚོ་ནི་ལས་གཞི་འདི་ལམ་ལྷོངས་འབྱུང་ཐུབ་མིན་གྱི་ཐོག་མའི་ཚོད་ལྟ་བྱ་ཡུལ་ལྟ་བུ་ཞིག་ཆགས་ཡོད་སྟབས། ཕྱོགས་གང་ཐད་ནས་སྦྱོང་བརྡར་ཐོན་ཏེ་དངོས་སུ་ལས་ཞུགས་བྱེད་མཁན་དང་། སྦྱོང་བརྡར་འགྲོ་བཞིན་པ་ཚང་མས་སོ་སོའི་ངོས་ནས་འབད་བརྩོན་དང་། ལས་གཞི་འདི་ལེགས་འགྲུབ་ཐུབ་པ་ཞིག་ཡོང་ཐབས་ལ་ཤུགས་རྒྱག་དགོས་པ་ལས། རིམ་བཞིན་སྒོ་རྒྱག་དགོས་པའི་གནས་ཚུལ་མི་འབྱུང་པ་བྱ་དགོས་ཚུལ། བོད་པའི་སྤྱི་ཚོགས་ནང་ལས་མེད་མང་པོ་ཡོད་པར་བརྗོད་ཀྱང་། ད་སྔའི་ལག་ཤེས་ལས་གཞི་ཁག་ཏུ་བལྟས་ཡོང་སྐབས་འཛུལ་ཞུགས་བྱེད་མཁན་མེད་པའི་དཀའ་ངལ་ཞིག་ཡོད་སྟབས། ལས་གཞི་འདིར་དེ་འདྲ་མི་ཡོང་པར་ཤུགས་རྒྱག་དགོས་པའི་ལམ་སྟོན་གནང་སོང་།
དབུ་མ་གླིང་སྡེ་ཚན་འགན་འཛིན་དཀོན་མཆོག་སྒྲོལ་མ་ལགས་ཀྱིས། “ང་ཚོའི་དམིགས་ཡུལ་ནི་བོད་རིགས་གཞོན་སྐྱེ་ལས་མེད་ཚོར་ལས་ཀ་སྐྲུན་ཐབས་དང་། དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་མང་པོ་ཞིག་ཏུ་བོད་རིགས་གཞོན་སྐྱེ་ཚོ་དྲ་ཐོག་ཚོང་འབྲེལ་ལས་ཀ་བྱེད་བཞིན་པ་དག་ལ་མཚོན་ན་གླ་བབ་ཐད་ནས་གང་འཚམ་ཡག་པོ་ཡོད་ཀྱང་། གྲོང་ཁྱེར་ནང་འགྲོ་གྲོན་ཆེ་བ་དང་། ཕ་མ་ནང་མི་དང་རྒྱང་ཐག་རིང་པ། ལྷག་པར་དུ་ཤེས་རབས་དགའ་ཚལ་སློབ་གླིང་སོགས་ནས་ཐོན་མཁན་མང་པོ་ཞིག་ལ་དབྱིན་སྐད་ཀྱི་ཤེས་ཚད་གང་འཚམ་ཡོད་ཀྱང་ལག་འཁྱེར་ཚད་ལྡན་མེད་སྟབས་ཁོ་ཚོར་ལས་ཀ་རག་ཐབས་བཅས་དང་། ལས་གཞི་འདི་ལམ་ལྷོངས་བྱུང་ན་རིམ་བཞིན་བོད་པའི་གཞིས་ཆགས་ཁག་ཏུའང་འཛུགས་འཆར་ཡོད་པ་རེད།”ཅེས་བརྗོད་བྱུང་།
གསར་འགོད་པས་ལས་ཞུགས་པ་ཚེ་རིང་གཡུ་སྒྲོན་ལགས་སུ། སྦྱོང་བརྡར་གྱི་བརྒྱུད་རིམ་དང་ལས་ཀར་གདེང་ཚོད་ཡོད་མེད་དྲིས་པར་ཁོང་གིས་ “འདས་པའི་ཟླ་གཉིས་རིང་ལྡི་ལི་ནས་ཨ་རིའི་སྐད་གདངས་དང་། ཁ་པར་ཐོག་ནས་འབྲེལ་བ་བྱེད་སྟངས་སོགས་ཀྱི་ཐད་སློབ་སྦྱོང་དང་། ལྡི་ལིར་ཡོད་པའི་དྲ་ཐོག་ཚོང་ལས་སྡེ་ཚན་ (Call Center) ནང་དངོས་སུ་སྦྱོང་བརྡར་སྤྲད་བྱུང་། ད་ཆར་ངག་ཐོག་དང་དྲ་ཐོག་གི་གནས་ཚུལ་བསྡུ་རུབ་ཀྱི་ལས་ཀའི་ཐད་གདེང་ཚོད་འདུག འོན་ཀྱང་། སྨན་རིགས་ལམ་སྟོན་གྱི་ལས་དོན་དེ་གཙོ་བོ་སྨན་པ་ཚོས་ནད་ཚ་གང་ལ་སྨན་གང་ཕན་མིན་གྱི་ལམ་སྟོན་དེ་ཕར་འགྲེལ་བཤད་རྒྱག་དགོས་སྟབས། སྨན་གྱི་མིང་དང་བརྡ་ཆད་རིགས་ཀྱི་ཐོག་ལ་དཀའ་ངལ་ཏོག་ཙམ་ཡོང་གི་རེད་བསམ་གྱི་འདུག་” ཟེར།
ལས་གཞི་འདི་ཨོ་ཁེ་སི་ཁེ་ལས་ཚོགས་པའི་སྦྱིན་བདག་ཌེ་བྷོ་རཱ་དང་ལྡི་ལིར་རྟེན་གཞི་བྱས་པའི་ཚོང་པ་ནཱ་རོ་ཊམ་ (Narotam Sayal) གཉིས་ཀྱི་མཉམ་ལས་གཙོ་འགན་འོག ཁེ་ལས་སྡེ་ཚན་འདིའི་ལས་བྱེད་ཆ་ཚང་བོད་རིགས་ཡིན་དགོས་པ་སོགས་ཀྱི་གན་རྒྱའི་ཐོག དཔལ་འབྱོར་ལས་ཁུངས་ཀྱིས་ས་ཆ་འཚོལ་རྒྱུ་དང་ལས་མི་འཚོལ་བསྡུ་བྱ་རྒྱུའི་མཐུན་འགྱུར་གནང་རྒྱུ་དང་། གཙོ་འགན་སྦྱིན་བདག་གིས་ལས་མི་འདེམ་སྒྲུག་དང་གླ་ཕོགས་སྤྲོད་རྒྱུ་སོགས་དཔལ་འབྱོར་གྱི་མཐུན་རྐྱེན་དང་འགན་གཙོ་བོ་འཁུར་གྱི་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ལས་གཞི་འདི་ཡག་པོ་ཞེ་དྲག་རེད་འདུག།ཐེངས་པོའི་ལས་ཞུགས་རྣམ་པའི་ཧུར་བརྩོན་བྱོས་ཤོག་ཨ། མིང་དེ་ཡག་པོ་ཞིག་མཐོང་མ་སོང་། གང་ན་ཞེ་ན་ཚོང་ལས་ཤིག་ལ་ཆབ་སྲིད་ཞིག་གི་མིང་འདྲ་པོ་ཞིག་འདུག །གཅིག་བྱས་ན་ང་རང་བསམ་རྒྱུ་མང་བ་མིན་འགྲོ །
ནང་དོན་གཞན་དག་ལ་ཞིབ་ཀློག་བྱེད་པའི་དུས་ཚོད་མི་འདུག་པས་ཞུ་ཚོད་མི་ཐིགས་ན་ཡང་། མིང་འདི་ལ་བདག་བློ་མགུ་བོ་མ་བྱུང་། དེ་ནི་ཐོག་མའི་སེམས་ཀྱི་འཆར་སྒོ་ཙམ་ཡིན།
ད་ཡོད་གཞོན་ནུ་ལས་མི་རྣམས་ནས་ལས་དོན་གྲུབ་འབྲས་སྨིན་པར་ཤུགས་བརྒྱབ་དགོས་པ་རེད་དཱ།
རང་གི་ནུས་པ་ཡོད་ཚད་སྤུངས་དགོས་པ་རེད་དཱ
གཙོ་བོ་མི་སོ་སོའི་གོམས་གཤིས་དང་རིག་རྩལ་རྒྱུན་སྲིང་བཟང་ལོད་ཀྱི་ཁྱད་རྒྱུག་གི་རེད་བཱ།
ལམ་ལྷོང་ཡོང་བར་སྨོན་ནོ།།
དང་པོར་འཚམས་འདྲི་ཡོད། གཉིས་ནས་ཞུ་ཡ་གཅིག་ལ། ལས་འཆར་འདི་དང་པོ་དགོངས་འཆར་འདོན་མཁན་དེ་ནས་ལག་ལེན་བསྟར་མཁན་ཚང་མ་དཔལ་འབྱོར་བཀའ་བློན་ཡིན་པ་དེ་རིང་བོད་གཞུང་གི་དྲ་རྒྱར་དཔལ་འབྱོར་དྲུང་འཕར་གྱིས་གསལ་གསུངས་གནང་བ་དེ་ལྟར་ལགས་མོད། སྲིད་སྐྱོང་འདིས་ཁོང་གིས་ཅིག་བྱས་ཡིན་མདོག་མདོག་བྱེད་ཞོར་དེའི་སྐོར་ཚིག་གཅིག་གསུངས་མི་འདུག་པས་དངོས་གནས་ངོ་ཚ།།།
སྙིང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ལས་གཞི་འདིའི་ཐོག་ཐུགས་འགན་བཞེས་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་བླ་མེད་ཆེ་ཞེས་ཞུ་རྒྱུ་དང་ཆབས་ཅིག འབྱུང་འགྱུར་ལས་གཞི་འདི་ཉིད་རྒྱུན་འཁྱོངས་དང་རྒྱ་སྐྱེད་གནང་སྐྱོང་ཡོང་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ལ་དེ་བཞིན་ཡོང་བར་རེ་སྐུལ་ཞུ། དོན་དངོས་ཐོག་འདི་ནི་ཁ་ཡོད་ལག་ཡོད་ཀྱི་འཚོ་རྟེན་ཁོ་ནར་རྒྱབ་སྐྱོར་བྱས་པ་ཙམ་མ་ཡིན་པར། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་། བཙན་བྱོལ་སྒྲིག་འཛུགས་དང་སྤྱི་ཚོགས་སྲ་བརྟན་ཡོང་བར་རམ་འདེགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཕྱི་ནང་གི་གནས་བབ་ལས་གྲུབ་ཡོད་པས་དགའ་སྤྲོ་དང་བསྔགས་བརྗོད་ཡོད།