གཞུང་ཞབས་ཚུད་རྒྱུགས་སྦྱོང་བརྡར་ཟབ་སྦྱོང་སྐབས་གཉིས་པ་ཉེ་ཆར་ས་རཱ་མཐོ་སློབ་ཏུ་མགོ་འཛུགས་གནང་ཡོད་ཅིང་། ད་རེབ་ཟབ་ཞུགས་པ་༤༠ ཙམ་ཡོད་པ་དང་དངོས་གཞིའི་ཚུད་རྒྱུགས་ཐོག་འགྱུར་བ་ཁ་ཤས་ཐེབས་ཡོད་ཚུལ་འབྲེལ་ཡོད་ནས་བརྗོད་བྱུང་།
བཀའ་ཤག་སྐབས་བཅུ་བཞི་པའི་ལས་གཞི་གསར་པའི་གྲས་ཏེ་གཞུང་ཞབས་ཚུད་རྒྱུགས་སྦྱོང་བརྡར་ཟབ་སྦྱོང་སྐབས་གཉིས་པ་ཉེ་ཆར་ས་རཱ་མཐོ་སློབ་ཏུ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིར་སློབ་མ་ ༤༠ ཙམ་དྲག་འདེམས་ཀྱིས་ཟླ་ལྔའི་རིང་སྦྱོང་བརྡར་སྤྲད་རྗེས་གཞུང་ཞབས་ཁོངས་སུ་ཡིག་རྒྱུགས་གཏོང་འཆར་ཡོད་སྟབས། ཚེས་ ༦ ཉིན་སར་འགོད་པས་བོད་མིའི་སྒྲིག་འཛུགས་གཞུང་ཞབསས་འདེམ་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་འདི་ལོའི་ཚུད་རྒྱུགས་ག་དུས་གཏོང་མིན་དང་ས་མིག་ག་ཚོད་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་ས་མིག་ག་ཚོད་ཡོད་མེད་དང་ཚུད་རྒྱུགས་ག་དུས་གཏོང་མིན་བཀའ་ཤག་གིས་གསལ་བསྒྲགས་གནང་མེད་ཀྱང་། ཚོད་དཔག་བྱས་ན་ས་མིག་ ༤༠ ཡས་མས་འཐོན་སྲིད་པ། ད་ལོར་ཟབ་སྦྱོང་ནང་ཞུགས་མཁན་ ༤༠ ཚུད་པའི་ཟབ་སྦྱོང་ལ་རྒྱུགས་འཕྲོད་ཡོད་པ་ ༦༤ དང་། དེའི་སྟེང་སྒྲིག་འཛུགས་སུ་ལས་ཀ་བྱེད་མུས་ཐོག་གནས་རིམ་གོང་མར་ཡིག་རྒྱུགས་གཏོང་མཁན་བཅས་ལས་ཕྱི་ལོགས་ནས་ཐད་ཀར་གཞུང་ཞབས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ལམ་ཁ་དེ་མེད་པ་བཟོས་ཡོད་སྐོར་སོགས་བརྗོད་བྱུང་།
འཛིན་རིམ་ ༡༢ འཐོན་མཁན་ཚོ་གཞུང་ཞབས་ཚུད་རྒྱུགས་ནང་ཞུགས་ཆོག་གི་ཡོད་མེད་དྲིས་པར། “ སྲིད་སྐྱོང་གིས་འཛིན་རིམ་བཅུ་གཉིས་ཐོན་མཁན་ཡིན་ན་ཤེས་ཚད་ཡག་པོ་མི་འདུག ཚང་མ་མཐོ་སློབ་ཐོན་མཁན་དགོས་གསུངས་པ་རེད། དེར་བརྟེན་གསལ་བསྒྲགས་ནང་མཐོ་སློབ་ཐོན་མཁན་དགོས་ཞེས་བཀོད་ཡོད་པ་རེད། འོན་ཀྱང་། འཛིན་རིམ་བཅུ་གཉིས་ཐོན་མཁན་གྱིས་སྙན་ཞུ་འབུལ་ཆོག་གི་མ་རེད་ཅེས་བྲིས་མེད། གང་ཡིན་ཟེར་ན། སྤྱི་འཐུས་ལྷན་ཁང་གིས་གཏན་འབེབས་གནང་པའི་འདེམ་ལྷན་སྒྲིག་གཞིའི་ནང་འཛིན་རིམ་ ༡༢ འཐོན་མཁན་གྱིས་ཚུད་རྒྱུགས་གཏོང་ཆོག་གི་ཡོད་པ་གསལ་ཡོད། ད་ཡོད་ལས་བྱེད་ནང་དུའང་འཛིན་རིམ་ ༡༢ འཐོན་མཁན་མང་པོ་ཡོད་པ་རེད། གསར་པ་འཛུལ་མཁན་ལ་འཛིན་རིམ་ ༡༢ མེད་པ་བཟོས་ན་ཡག་པོ་མི་འདུག་ཅེས་འདེམ་ལྷན་གྱིས་གོ་བསྡུར་བརྒྱུད་སྔོན་མ་རྒན་དྲུང་དང་ལས་དྲུང་། གཞོན་དྲུང་གསུམ་ལ་འཛིན་རིམ་ ༡༢ ཀྱིས་ཚུད་རྒྱུགས་གཏོང་ཆོག་པ་ལས། ད་ཆར་གཞོན་དྲུང་ལ་འཛིན་རིམ་ ༡༢ འཐོན་མཁན་ཡིན་ན་འགྲིག་གི་ཡོད་པ་དང་། གཞན་གཉིས་ལ་མཐོ་སློབ་ཐོན་དགོས་པ་བཟོས་ཡོད་པ་རེད”ཅེས་བརྗོད་བྱུང་།
ཡང་ཁོང་ལ་གཞུང་ཞབས་ཁོངས་སུ་ཡིག་རྒྱུགས་གཏོང་ཕྱོགས་དང་གནས་རིམ་སོགས་ལ་འགྱུར་བ་ཕྱིན་ཡོད་མེད་དྲིས་པར་ཁོང་གིས། “ ཟུང་དྲུང་དང་དྲུང་གཞོན་ལ་ཡིག་རྒྱུགས་གཏོང་ཕྱོགས་ལ་འགྱུར་བ་ཕྲན་བུ་ཕྱིན་ཡོད། སྔོན་མ་ཡིན་ན་ལས་ཀའི་ཉམས་མྱོང་མི་དགོས་པར་ཐད་ཀར་ཡིག་རྒྱུགས་གཏོང་ཆོག་གི་ཡོད་ཀྱང་། ལོ་སྔོན་མར་བཀའ་ཤག་གིས་ཟུང་དྲུང་ལ་ཡིག་རྒྱུགས་གཏོང་རྒྱུར་བོད་མིའི་སྒྲིག་འཛུགས་སམ་ངོས་འཛིན་ཡོད་པའི་ཚོགས་པ་གང་རུང་ཞིག་ཏུ་ལོ་ ༨ ལས་ཀ་བྱས་པའི་ཉམས་མྱོང་དང་། དྲུང་གཞོན་ལ་ལོ་ ༤ ཉམས་མྱོང་དགོས་པའི་འཆར་གཞི་གྲོས་ཚོགས་ལ་ཕུལ་པ་ལྟར་གྲོས་ཚོགས་ནས་གཏན་འབེབས་བྱུང་ཡོད་སྟབས། ད་ལོ་ནས་ཟུང་དྲུང་དང་དྲུང་གཞོན་ལ་ཡིག་རྒྱུགས་གཏོང་རྒྱུར་ལས་ཀའི་ཉམས་མྱོང་དགོས་པ་ཆགས་ཡོད་” ཅེས་བརྗོད་བྱུང་།
ལོ་སྔོན་མའི་གཞུང་ཞབས་ཚུད་རྒྱུགས་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པའི་ཐད་གཟུགས་ཚོར་གང་འདྲ་བྱུང་ཡོད་མེད་དྲིས་པར། “བསམ་ཚུམ་མང་པོ་ཡོད་རེད། དཔེར་ན། དྲ་རྒྱའི་ནང་ཅིག་གིས་ཟབ་ཞུགས་པ་ཚོར་སྔོན་ནས་བསླབས་ཡོད་ཀྱང་། ཕྱི་ལོགས་ནས་ཐད་ཀར་ཚུད་རྒྱུགས་གཏོང་མཁན་ཚོར་རྩིས་ཀྱི་ཡིག་རྒྱུགས་སང་ཉིན་ཡིན་ན་དེ་རིང་མ་གཏོགས་བཤད་ཡོད་མ་རེད་ཅེས་བྲིས་འདུག དོན་དངོས་ཐོག་ཟླ་གསུམ་གོང་ནས་དྲ་རྒྱུའི་ནང་བཅུག་པ་རེད། ཡང་མི་ཞིག་གིས་དབྱིན་ཡིག་ནང་ཚུད་རྒྱུགས་འདེམ་སྒྲུག་དྲང་པོ་བྱས་མི་འདུག འདེམ་སྒྲུག་བྱེད་སྟངས་ལ་“ཆབ་སྲིད་”འདུག་ཅེས་བྲིས་པ་རེད། འབྲི་མཁན་སྐད་བཏང་སྟེ། འདེམ་སྒྲུག་བྱེད་སྟངས་ལ་ཆབ་སྲིད་ག་རེ་ཡོད་པ་དང་། དྲང་པོ་གང་དུ་བྱས་མེད་པ་དྲིས་སྐབས་བཤད་རྒྱུ་མེད་པ་མ་ཟད། གནས་ཚུལ་གསལ་བོ་མ་ཤེས་པ་ཡིན་པས་དགོངས་དག་ཟེར། ཡང་ཟབ་སྦྱོང་ཡིག་རྒྱུགས་ནང་བུ་མོ་ཞིག་མ་ཚུད་པ་དེ། མོའི་ཨ་ཕས་ང་ལ་ཁ་པར་བསླེབས་བྱུང་། ངས་འགྲེལ་བཤད་བརྒྱབ་པར་ཡིད་མ་ཆེས་པར་བཀའ་དྲུང་ལ་ཞུས་འདུག ཨ་ཕ་དེས་བུ་མོ་དཔེ་མི་སྲིད་ཡག་པོ་ཡོད། རྒྱ་གར་ནང་སློབ་སྦྱོང་བྱས་པ་གཅིག་པུ་མ་ཡིན་པར་སུད་སིར་སློབ་སྦྱོང་བྱས་ཡོད་ཅེས་མང་པོ་ཞིག་བཤད་པ་རེད། ང་དང་རོགས་པ་འཆར་འགོད་འགན་འཛིན་དཀོན་མཆོག་བརྩོན་འགྲུས་གཉིས་ཀྱིས་བུ་མོ་དེའི་ཡིག་རྒྱུགས་གྲུབ་འབྲས་ཁྱེར་ཏེ་བཀའ་ཤག་ལ་ཕྱིན་པ་ཡིན། ལོ་སྔོན་མར་ཟབ་སྦྱོང་ཡིག་རྒྱུགས་ལ་སྙན་ཞུ་འབུལ་མཁན་ ༢༠༠ ལྷག་བྱུང་པའི་ནང་ནས་རྒྱུགས་འཕྲོད་མཁན་བརྒྱ་ཡང་འདང་གི་ཡོད་པ་མ་རེད། བུ་མོ་དེ་ཨང་རིམ་ ༡༣༥ པ་རེད། དེ་འདྲའི་སྐད་ཆ་མང་པོ་ཡོང་གི་ཡོད་རེད། བཤད་ཚད་ལ་ཉན་བསྡད་ན་ཡོང་གི་མ་རེད། ང་ཚོས་དྲང་པོ་མ་བྱས་ན་ང་ཚོས་ནོར་པ་རེད། དྲང་པོ་མ་བྱས་པའི་གནོང་གང་ཡང་མེད། དཔེར་ན་ང་རང་འདྲ་བོ་ཞིག་ཡིན་ན། ངས་མ་ཤེས་པ་ཡོང་གི་རེད། ངས་མ་འཇོན་པ་ཡོང་གི་རེད། ངས་དྲང་པོ་མ་བྱས་པའི་འགྱོད་པ་གཅིག་ཀྱང་མེད། ངས་ལས་ཀ་བྱས་ནས་ལོ་ ༣༥ འགྲོ་བཞིན་པའི་རིང་དྲང་པོ་མ་བྱས་པ་གཅིག་ཀྱང་མེད་”ཅེས་བརྗོད་བྱུང་།
ལས་བྱེད་རྩ་དགོངས་ཞུ་བའི་གནས་སྟངས་སྐོར་དྲིས་པར་ཁོང་གིས། “ལས་བྱེད་རྩ་དགོངས་ཞུ་མཁན་མང་པོ་རེད། སྔོན་མ་དང་བསྡུར་ན་ཇེ་མང་ཇེ་ཉུང་གང་ཡིན་ངས་ཞུ་ཚོད་ཐུབ་པ་མ་སོང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ “ངས་ལས་བྱེད་འདེམ་བསྐོ་ལྷན་ཁང་ལ་ ༢༠༠༥ ནས་ ༢༠༡༠ བར་ཡར་འཛུལ་མཁན་ག་ཚོད་དང་མར་འཐོན་མཁན་ག་ཚོད་བྱུང་ཡོད་མེད་དྲིས་པར་བརྒྱ་ཆ་ ༤༧ རེད་ཟེར། དེས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། ལོ་གཅིག་ནང་མི་ ༡༠༠ ཡར་འཛུལ་གྱི་ཡོད་ན་མི་ ༤༧ དགོངས་པ་ཞུས་ནས་འགྲོ་གི་ཡོད་རེད།” ཅེས་བརྗོད་སོང་།
བཀའ་ཤག་གིས་གཞུང་ཞབས་ནང་ཚུད་རིགས་སོ་སོའི་སློབ་སྦྱོང་དང་འདོད་མོས་ལྟར་འབྲེལ་ཡོད་ལས་ཁུངས་ཁག་ལ་ལས་བགོ་རྒྱག་རྒྱུ་ཡིན་སྐོར་གསུངས་ཡོད་པ་དེ་ག་ཚོད་ཅིག་ལག་བསྟར་ཐུབ་ཡོད་མེད་དྲིས་པར། ཁོང་གིས་ཤེས་ཚོད་ལྟར་ན་མི་གཉིས་ཙམ་ལ་ཏག་ཏག་སོ་སོས་སློབ་སྦྱོང་བྱས་པ་དེའི་ཐོག་བསྐོ་བཞག་བྱེད་ཐུབ་ཡོད་སྐོར་བརྗོད་བྱུང་། མཇུག་ཏུ། བཀའ་ཤག་སྐབས་བཅུ་བཞི་བས་ད་ཡོད་གཞུང་ཞབས་ལས་བྱེད་ཡོངས་ལ་སོ་སོའི་འདོད་མོས་དང་སློབ་སྦྱོང་གི་ཁ་ཕྱོགས་ལྟར། ལས་གནས་བསྐྱར་སྒྲིག་བྱེད་འཆར་ཡོད་སྐོར་བསྒྲགས་པ་དེ་ལག་བསྟར་ཐུབ་ཡོད་མེད་དྲིས་པར་ཁོང་གིས། “ལས་དོན་དེ་ད་ལྟ་འགྲོ་བཞིན་པ་དང་ཐབས་ཤེས་གནང་གི་ཡོད་རེད། བརྒྱ་ཆ་བརྒྱ་ཆ་ཚང་དེའི་ཐོག་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། འགྲོ་འདོད་ཡོད་ས་དེར་ས་མིག་མེད་པ་སོགས་ཡོང་གི་ཡོད་པ་རེད” ཅེས་བརྗོད་བྱུང་།
གསར་འགོད་པ། བནྡེ་སྐྱབས།
ཡར་འཛུལ་མར་དོན་ལ་ཁྱད་པར་ཞིག་མིན་འདུག་་་་གལ་ཆེ་ཤོས་དེ་ལས་དོན་བྱེད་པའི་སྐབས་སུ་ལྷག་བསམ་དགོས་པ་དེ་གལ་ཆེན་པོ་འདུག ཡར་འཛུལ་བ་དང་མར་དོན་པའི་གྲངས་ཚད་དེ་ལས་ལྷག་བསམ་ཡོད་པ་དང་མེད་པའི་བར་གྱི་གྲང་ཚད་དེ་གཅིག་གསལ་བསྒྲགས་བྱེད་ཐུབ་ན་ཤེས་ཡོང་།
ངས་བོད་གཞུང་གི་ལས་བྱེད་ཚོ་རྩ་དགོངས་ལ་མི་འགྲོ་བའི་མན་ངག་ཅིག་བཤད་དགོས། ཟླ་ཕོགས་སྤར་ན་ལོས་བཟང་སྟེ་འདོད་པ་ཁང་པ་ཞིག་ཡོང་ཐབས་ཡོད་པ་མ་རེད། གཞིར་རྩའི་ང་ཚོ་སྐྱབས་བཅོལ་བ་རེད་ལ། སྐྱབས་བཅོལ་དུ་སྡོད་ས་ཡང་རྒྱ་གར་སྤྲང་པོའི་ལུང་པ་རེད། དེ་བས་ལས་ཆེ་མཐོ་དམན་བར་གསུམ་ལ་བཞུགས་གནས་ལས་ཤག་གོ་སྒྲིག་གནང་རོགས། གཉིས་པ་ལས་ཀའི་ཐད་ནས་སྒང་ནས་སྟངས་འཛིན་དམ་དྲག་དང་། སྐུ་ངོ་སྐུ་དྲག་བསླབ་པ་རྒན་པ་བཅས་ཀྱི་དབང་ཤུགས་བེད་སྤྱོད་མི་གཏོང་བར། ལས་བྱེད་གཞོན་སྐྱེས་ཚོའི་སེམས་ཤུགས་དང་འདོད་མོས། སློབ་སྦྱོང་གི་ཁ་ཕྱོགས་ལྟར་ལས་ཀ་གོ་སྒྲིག་དང་རང་ནུས་འདོན་རྒྱུའི་གོ་སྐབས་སྤྲོད་རོགས། འདི་གལ་ཆེ་ཤོས་ཡིན།