དེ་རིང་སྔ་དྲོར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ༼བོད་རིག་པ་ཞིབ་འཇུག༽ ཅེས་པའི་དུས་དེབ་དབུ་འབྱེད་གནང་བའི་ཐོག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཞིབ་འཇུག་དུས་དེབ་འདི་མུ་མཐུད་འདོན་ཐུབ་པ་གནང་རྒྱུ་གལ་ཆེན་ཡིན་པ་དང་། ལྷག་དོན་དུ་ནང་དོན་གྱི་རིན་ཐང་མ་ཉམས་པ་ཞིག་ལ་འབད་དགོས་སྐོར་གསུངས་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་། ངྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྤྲོ་ཚིགས་ཆོས་གྲགས་ལགས་དང་འཇུ་བསྟན་སྐྱོང་། ཆོས་རྗེ་མ་ཡོན་བྷེ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི་༼བོད་རིག་པ་ཞིབ་འཇུག༽ ཅེས་པའི་དུས་དེབ་དབུ་འབྱེད་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོས། བཞུགས་སྒར་ཁུལ་གྱི་སྤྱི་འཐུས་དང་སློབ་གྲྭ་ཁག་གི་དགེ་རྒན། རྩོམ་སྒྲིག་པ་དང་རྩོམ་པ་པོ་བཅས་མི་ ༥༠ འདུ་འཛོམས་ཐོག དུས་དེབ་དེའི་རྩོམ་སྒྲིག་འགན་འཛིན་ལགས་ཀྱིས་དུས་དེབ་དེའི་དམིགས་ཡུལ་དང་རྩོམ་ཡིག་གི་ཁ་ཕྱོགས་བཅས་ཀྱི་ཐོག་གཏམ་བཤད་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་སྔར་སྲོལ་དང་དེང་རབས་ཞིབ་འཇུག་ཐོག་གཏམ་བཤད་གནང་སོང་།
རྩོམ་སྒྲིག་པས་ངོ་སྤྲོད་གནང་བ་ལྟར་ན། ༼བོད་རིག་པ་ཞིབ་འཇུག༽ཅེས་པའི་དུས་དེབ་དེ་ནི་གཞུང་དང་ཚོགས་པ་སྒྲིག་འཛུཊ་གང་ལའང་འབྲེལ་བ་མེད་པར། ཁོང་ཅག་གྲོགས་པོ་ཁག་ཅིག་མཉམ་རུབ་ཐོག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་ལ་ཕན་པའི་ཞིབ་འཇུག་རང་བཞིན་གྱི་དཔྱད་རྩོམ་ཁོ་ན་འགོད་སའི་སྟེགས་བུ་ཞིག་ཡིན་པ་དང་། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་དུས་དེབ་དང་ཚགས་ཤོག་གང་འཚམ་ཡོད་ཀྱང་། ཞིབ་འཇུག་རང་བཞིན་གྱི་དཔྱད་རྩོམ་འདོན་སའི་དུས་དེབ་ཚད་ལོངས་པ་ཞིག་མེད་སྟབས། དུས་དེབ་འདིར་འཛམ་གླིང་གར་སར་ཡོད་པའི་བོད་པའི་མཁས་དབང་དང་ཉམས་ཞིབ་པ། རྩོམ་པ་པོ་དག་གི་རྩོམ་ཡིག་བསྡུས་སྟེ་གཞོན་སྐྱེས་རྩོམ་པ་པོ་དག་ལ་མིག་དཔེ་བལྟ་ས་ཞིག་དང་། ཞིབ་འཇུག་མི་སྣ་གསོ་སྐྱོང་སོགས་ཀྱི་ཆེད་ཡིན་སྐོར་བརྗོད་བྱུང་།
རྩོམ་སྒྲིག་པས་བརྗོད་དོན།“ ད་རེབ་འདོན་ཐེངས་དང་པོའི་ནང་ང་ཚོས་རྩོམ་རེ་ཟུང་བོད་རིག་པའི་ཐོག་འགོད་ཐུབ་མེད་ཀྱང་། མ་འོངས་པར་ང་ཚོས་དུས་དེབ་ནང་མིང་གྲགས་ཅན་གྱི་མཁས་པའི་རྩོམ་བརྒྱ་ཆ་ ༥༠% དང་། མཁས་པ་གསར་བས་རྩོམ་བརྒྱ་ཆ་ ༥༠ % འགོད་ཐབས་ལ་འབད་པ་བྱེད་རྒྱུ་ཡིན། དེ་བཞིན། རྒྱ་གཞུང་གིས་མི་སྣ་རྩ་འཛུགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བརྗོད་རྩོམ་ཡིག་སྤེལ་བཞིན་པར། འབྲེལ་ཡོད་མཁས་དབང་ཁག་ལ་རེ་སྐུལ་གྱིས་ལན་འདེབས་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་སྐབས་དོན་གླེང་གཞི་གཙོ་བོ་ཁག་གི་ཐོག་བསྐྱར་ཞིབ། བོད་རིག་པ་དང་འབྲེལ་བ་ཡོད་པའི་ཕྱི་སྐད་རྩོམ་ཡིག་རིགས་བོད་སྒྱུར་སོགས་བྱ་འཆར་ཡོད། བརྗོད་བྱའི་ཐོག་ནས་ཨང་དང་པོ་ཞིབ་འཇུག་གི་ཆུ་ཚད་དང་རིན་ཐང་ལྡན་པའི་དཔྱད་རྩོམ་ཡིན་དགོས། དེ་མིན་ཚད་བཀག་གཞན་མེད། ཡིན་ནའང་། ང་ཚོའི་ངོས་ནས་གཙོ་བོ་རིག་གནས་དང་གཞུང་ཆེན་ཁག རྒྱལ་རབས་ལོ་རྒྱུས་བཅས་གཙོར་འདོན་བྱ་རྒྱུ་ཡིན། སྐབས་ཐོག་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཁག་འབྲེལ་ཡོད་ལ་རེ་བ་ཞུས་ཏེ་འགོད་འཆར་ཡོད། དུས་དེབ་འགྲེམས་སྤེལ་གྱི་ཁྱབ་ཁོངས་གཙོ་བོ་རྒྱལ་སྤྱིའི་བོད་རིག་པའི་སྡེ་ཁག་དང་དཔེ་མཛོད་ཁང་། ཞིབ་འཇུག་པ་སོགས་ལ་ལོ་རེར་ཐེངས་གཉིས་རེ་འགྲེམ་སྤེལ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན”ཞེས་བརྗོད་བྱུང་།
དེའི་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྦྱིར་བཏང་སྟབས་བདེ་བོའི་རྩོམ་ཡིག་དང་ཉམས་ཞིབ་རང་བཞིན་ཅན་གྱི་རྩོམ་ཡིག་ཕྱོགས་བསྡུས་བྱས་ཏེ། དུས་ཚོད་ངེས་ཅན་དང་ངེས་མེད་ཐོག་དུས་དེབ་དང་སྙན་དེབ་འགྲེམས་སྤེལ་བྱས་པ་དེ། གཅིག་བྱས་ན་ནུབ་ཕྱོགས་པ་དང་དེང་རབས་ཀྱི་ལུགས་སྲོལ་ཞིག་ཏུ་ཆ་འཇོག་བྱེད་ཆོག་པ་དང་། སྔར་གྱི་སྲོལ་རྒྱུན་དུ་གཞུང་ཆེན་མོའི་བསྟན་བཅོས་རྩོམ་པ་མ་གཏོགས། རྩོམ་ཡིག་ཆུང་ཆུང་ཕྱོགས་བསྒྲིགས་ཀྱིས་དུས་དེབ་འདོན་པའི་སྲོལ་དེ་རྒྱ་གར་རིག་གཞུང་ཁྱབ་ཁོངས་ནང་མེད་ཀྱང་། བརྗོད་གཞི་བྱེ་བྲག་པའི་ཐོག་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་རྩོམ་ཡིག་འབྲི་བའི་ལུགས་སྲོལ་དེ་རྒྱ་གར་ནང་གནའ་སྔ་མོ་ནས་ཡོད་པ་ཞིག་དང་། གཅིག་བྱས་ན་ནུབ་ཕྱོགས་པས་རྒྱ་གར་ནས་ཕར་དཔེ་བླངས་པ་ཡིན་སྲིད་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། “ གནས་ཚུལ་གང་འདྲ་ཞིག་ཡིན་ཡང་ང་ཚོས་དེང་རབས་དང་ནུབ་ཕྱོགས་ལ་ཕར་ལམ་སྟོན་བྱས་པ་ལས། དེང་རབས་དང་ནུབ་ཕྱོགས་ཀྱི་ས་ནས་ང་ཚོས་ཚུར་ལེགས་ཆ་བླངས་པ་མང་པོ་ཡོད་པ་མ་རེད། རེ་གཉིས་ཡོད་པ་དེ་དག་གི་རྒྱབ་ལྗོངས་བསམ་བློ་ལ་ལྟ་དགོས། རྒྱབ་ལྗོངས་ཀྱི་བསམ་བློའི་ནང་མང་ཆེ་བ་རང་དོན་ཡིད་ཆེས་དང་རང་རྒྱལ་གཞན་ཕན་གྱི་བསམ་བློ་མེད་པའི་ནུབ་ཕྱོགས་པའི་བྱ་བ་ཕལ་ཆེར་མེད་པ་འདྲ་བོ་རེད། གནས་ཚུལ་ཁ་ཤས་ཐོག་ང་ཚོས་ཁོང་ཚོའི་བྱེད་སྟངས་ལྟར་བྱས་པ་ཡིན་ན་ཁོ་རང་ཚོ་དང་ཁོ་རང་ཚོའི་རྗེས་མཇུག་པར་ཕན་ཐོགས་ཡོད་པ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག ” ཅེས་གསུངས་བྱུང་།
བོད་རིག་པ་ཞིབ་འཇུག་དུས་དེབ་ཐད་ཁོང་གིས། “ བོད་རིག་པའི་ཞིབ་འཇུག་གི་དུས་དེབ་དེ་ནུབ་ཕྱོགས་ལ་དཔེ་བླངས་ཏེ་ལད་ཟློས་བྱས་པ་མིན་ཡང་། ནུབ་ཕྱོགས་པའི་བྱེད་སྟངས་ལྟར་བྱས་པ་ཡིན་ན་ནུབ་ཕྱོགས་པའི་ཤན་ཤུགས་ཡོད་པའི་དེང་རབས་ཀྱི་མི་དེ་ཚོར་ཕན་ཐོགས་ཡོང་གི་རེད། སྦྱིར་བཏང་རྩོམ་ཡིག་བསྡུས་ཏེ་དུས་དེབ་བཟོ་རྒྱུ་དང་། གནས་ཚུལ་བྱེ་བྲག་པ་གཅིག་གི་ཐོག་བསྐྱར་ཞིབ་བྱས་པའི་དཔྱད་རྩོམ་བསྡུས་ཏེ་དུས་དེབ་བཟོ་རྒྱུ་ལས་སླ་བོ་རེད། ཡིན་ནའང་ཉམས་ཞིབ་རང་བཞིན་གྱི་དུས་དེབ་བཟོ་རྒྱུ་དཀའ་ལས་ཁག་པོ་རེད། རྒྱ་གར་ལ་མཚོན་ནའང་ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་སྐད་གྲགས་ཡོད་པའི་དུས་དེབ་ཉུང་ཉུང་རེད། དུས་དེབ་ཁ་ཤས་ཡོད་པ་དེ་ཚོ་ཡང་རིམ་གྱིས་ཆད་འགྲོ་བ་དང་། དུས་ཐོག་འདོན་མ་ཐུབ་པ་ཡོང་གི་ཡོད་པ་རེད། ང་སྔོན་མ་ཝ་རཱ་ན་སིར་ཡོད་སྐབས། ཉམས་ཞིབ་ཀྱི་དུས་དེབ་འདོན་པའི་བསམ་ཚུལ་ཡོད་ཀྱང་ལག་ལེན་འཁེལ་ཡོད་པ་མ་རེད། ལག་ལེན་མ་འཁེལ་བ་དེ་ཡང་འདོན་ཐེངས་རེ་གཉིས་ཤིག་བཏོན་རྗེས་ཆད་སོང་བ་ཡིན་ན་ཡ་མཚན་པོ་ཡིན་སྟབས། དེའི་ཚབ་ལ་ངྷི་ཟེར་བའི་དུས་དེབ་ཅིག་བཏོན་ཏེ་ད་ལྟའང་ཡོད་པ་རེད། ཉམས་ཞིབ་ཀྱི་གནས་ཚད་ལྡན་པའི་དུས་དེབ་འདོན་རྒྱུ་ཁག་པོ་ཡོད་པ་རེད་བསམ་གྱི་འདུག ” ཅེས་གསུངས་བྱུང་།
མཇུག་ཏུ་ཁོང་གིས་བོད་སྐད་ཡིག་གི་ཚད་ལྡན་དུས་དེབ་བཏོན་པ་ཡིན་ན། བོད་སྐད་ཡིག་ཡར་རྒྱས་དང་རིག་གནས་ཞབས་ཞུ། མི་རིགས་ངོས་འཛིན་ལ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་ཅིང་། ཐེངས་འདིར་འདོན་ཐེངས་དང་པོ་བཏོན་པར་ཡི་རངས་ཡོད་ཀྱང་། མ་འོངས་པར་མུ་མཐུད་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། རྒྱུན་མཐུད་པ་ཡིན་ན་རང་བཞིན་གྱིས་དེབ་དེར་གདལ་བྱ་མང་པོ་ཞིག་ཡོང་བ་དང་། མཚམས་རེར་འདོན་པ་དང་མཚམས་རེར་མ་བཏོན་པ་ཡིན་ན། རིམ་གྱིས་གདུལ་བྱ་ཡང་ཇེ་ཉུང་དུ་འགྲོ་ངེས་ཡིན་སྐོར་སོགས་གསུངས་སོང་། ཁོང་གིས “ ལྷག་པར་དུ་བོད་མི་མང་པོ་ཞིག་ལ་ཉམས་ཞིབ་བྱེད་པའི་གནས་ཚུལ་མང་པོ་ཞིག་ངོ་སྤྲོད་གསར་བ་ཡོང་བའི་ཕན་ཐོགས་ཡོང་གི་རེད། དེར་བརྟེན། མ་འོངས་པར་ཁྱེད་རང་ཚོས་ད་རེབ་མགོ་བརྩམས་པའི་བྱ་བ་དེ་རྒྱུན་གནས་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། ཡིན་ནའང་། གནས་ཚད་ལོངས་མ་ལོངས་ཀྱི་རྩོམ་ཡིག་ཚང་མ་བཀོད་པ་ཡིན་ན། དུས་ཚོད་གང་འཚམ་ཞིག་ནས་དུས་དེབ་དེར་དབྱིངས་བརླག་འགྲོ་བ་རེད། འདོན་ཐེངས་རེ་ཟུང་བཏོན་མ་ཐུབ་ཀྱང་། གནས་ཚད་མ་ལྡན་པའི་དུས་དེབ་དེ་བཏོན་པ་ལས་མ་བཏོན་པ་ཡག་གི་རེད། གནས་ཚད་ཟགས་པ་ཡིན་ན་མུ་མཐུད་བཏོན་ཡང་དགེ་མཚན་མེད་པ་ཆགས་འགྲོ་བ་རེད” ཅེས་གསུངས་བྱུང་།
གསར་འགོད་པ། དོན་གོ
ཧ་ཧ་འདི་ཚོ་ཚང་མ་བྱས་ཟིན་ཚར་བ་རེད་བོད་ནང་བཞུགས་པ་ཚོས།།།
དེ་རིང་ཁ་སང་མི་ཚང་མས་བོད་རིག་པ་དང་། བོད་བསྟན་སྲིད། བོད་མི་རིགས། བོད་ཀྱི་རྩ་དོན་རྐྱང་གླེང་གིན་འདུག་པས། བཟང་ཕྱོགས་ཀྱི་རྣམ་པ་ཡིན་སྲིད།
བོད་རིག་པ་ཞིབ་འཇུག་བྱ་ས།
http://www.tibetanebook.com/
བོད་རིག་པ་ཞིབ་འཇུག་གི་དུས་དེབ་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལགེས་ཡོད།། །།
བོད་རིག་པ་ཞིབ་འཇུག་གི་དུས་དེབ་གསར་བ་དེར་འཚམས་འདྲི་དང་ཡུན་གནས་ཀྱི་སྨོན་འདུན་ཞུ། ངོ་སྤྲོད་ལྟར་ན་ལས་དོན་རྒྱ་ཆེ་ཙམ་དང་གཏིང་ཟབ་ཙམ་གྱི་རྨང་གཞི་འདིང་བཞིན་འདུག་པས་སྤྲོ་བ་ཧ་ཅང་ལྟས། འོན་ཏེ་དེ་འདྲའི་ལས་དོན་ལ་ལམ་ལྷོང་དང་འགྲོ་དོན་ག་ཚོད་འབྱུང་མིན་ནི་རྒྱུ་རྐྱེན་མི་ཉུང་བ་ཞིག་ལ་ལྟོས་ནས་ཡོད་པས་བརྗོད་དཀའ།
དེ་རིང་། བོད་རིག་པ་ཞིབ་འཇུག་དུས་བབ་ཀྱི་མཛད་སྒོར་སོང་བ་ཡིན། སྐབས་དེར། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ནས། བོད་རིག་པའི་ཞིབ་འཇུག་གི་གལ་ཆེའི་རང་བཞིན་དང་ཞིབ་འཇུག་རྩོམ་ཡིག་འབྲི་ཐབས་བཅས་ནས་གནད་ལ་སྨིན་པའི་ལམ་སྟོན་གནང་སོང་།
བོད་རིག་པ་ཞིབ་འཇུག་དུས་དེབ་རྩོམ་སྒྲིག་དང་འདོན་འགྲེམས་བྱེད་དགོས་པའི་དམིགས་ཡུལ་ནི། བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས། ཐབས་ལམ། གྲུབ་འབྲས་སོགས་སྔར་ལས་གོང་འཕེལ་དུ་གཏོང་རྒྱུ། ད་དུང་བོད་རིག་པའི་ཆེད་ལས་ཞིབ་འཇུག་པ་གསོ་སྐྱོང་བྱ་རྒྱུ། ལྷག་པར་དུ་བདེན་པ་སྲུང་སྐྱོབ་དང་གསལ་སྟོན་བྱ་རྒྱུ་བཅས་རེད་འདུག
བོད་རིག་པ་ཞིབ་འཇུག་གི་དུས་དེབ་ཀྱི་དམིགས་བསལ་ཁྱད་ཆོས་ནི། སློབ་སྟོན་ཚོགས་ཆུང་དང་། དུས་དེབ་ཀྱི་སྡེ་ཚན་སོ་སོ་རེད། དཔེར་ན། ཆབ་སྲིད་དཔྱད་བརྗོད། ལོ་རྒྱུས་ཞིབ་འཇུག ཆོས་ལུགས་ཞིབ་འཇུག བརྩམས་ཆོས་བསྐྱར་ཞིབ། རིག་དངོས་ཞིབ་འཇུག བརྡ་སྤྲོད་ཞིབ་འཇུག བརྒལ་བརྟག་རྩོད་གླེང་། ཚན་རྩལ་ནང་འདྲེན། ངག་རྒྱུན་ལོ་རྒྱུས། དུས་དེབ་ཀྱི་དམིགས་ཡུལ་དང་ཇུས་འགོད། རྒྱལ་སྤྱིའི་དཔེ་རྟགས་བཅས་རེད་འདུག
ད་དུང་གཅིག་བཤད་འདོད་པ་ནི་གསར་གནས་འདིར་ལས་འགུལ་འདི་བྱེད་མཁན་དག་གི་པར་རིས་ཤིག་ཀྱང་ཡོད་དགོས་ངེས་དེ་མེད་པར་སྐུ་མགྲོན་གྱི་པར་རིས་ཞིག་བཀོད་པ་འདི་ནི་གཙོ་ཕལ་གྱི་རང་བཞིན་གཙོ་འཛིན་མ་བྱས་པས་ལན་ནམ་སྙམ།
གཞན་ཞིག་ནི་བཙན་བྱོལ་ནང་དུ་དཔྱད་རྩོམ་རང་བཞིན་གྱི་དུས་དེབ་ཟེར་ན་རེད། སྔོན་ཆེད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཚང་གིས་ནོར་མཛོད་ཅེས་པའི་དཔྱད་རྩོམ་དུས་དེབ་ཅིག་ཡོད་སྙམ། འོན་ཀྱང་དེར་བཀོད་རྩོམ་ཡིག་རྣམས་དཔྱད་རྩོམ་ཁོ་ན་ཡིན་པར་མ་ངེས། འོན་ཀྱང་རྩོམ་ཡོན་རེ་སྤྲད་ཀྱི་ཡོད་ཅིང་། གུས་པར་ཡང་མི་ལོ་༡༠ ཙམ་གྱི་སྔོན་དུ་དུས་དེབ་དེར་དཔྱད་རྩོམ་ཞིག་བསྐུར་ཁུལ་བྱས་པར་རྩོམ་ཡོན་ཧིན་སྒོར་༥༠༠ ལྷག་ཅིག་ཐོབ་མྱོང་བ་དྷ་སའི་འཚོ་བའི་ཁ་སྣོན་ལ་ཕན་ཐོག་བྱུང་མྱོང་། དེང་སྐབས་ནོར་གླིང་ཚང་གི་ནོར་མཛོད་དུས་དེབ་དང་ནོར་འོད་སོགས་སྐེ་འགག་པ་ཡིན་ནམ་གསར་པ་མཐོང་རྒྱུ་མི་འདུག ནོར་ལྡེ་ཟླ་རེའི་ཚགས་པར་ཚོན་ལྡན་མ་དེ་བདག་གི་སློབ་གྲོགས་བློ་རབ་པས་གཉེར་གྱིན་པ་འདྲ།
ཆོས་གྲགས་དང་བསྟན་སྐྱོང་། ཡོན་བྷེ་བཅས་ཀྱིས་ལས་ཞོར་ནས་ལས་ཀ་འདི་ལྟ་བུ་བསྒྲུབས་ནས་ལེགས་གྲུབ་བྱུང་བར་གུས་བསྟོད་ཞུ།
འབྱུང་འགྱུར་གྱི་བྱ་བཞག་ཀྱང་བགེགས་མེད་བསམ་དོན་བཞིན་འགྲུབ་པའི་སྨོན་ལམ་འདེབས།
བོད་རིག་པ་ཡར་རྒྱས་གོང་ནས་གོང་དུ་སྤེལ་བར་ང་ཚོ་དཔུང་གདངས་གཅིག་ཏུ་སྤེལ།