ཤེས་རབ་བཀྲ་ཤིས། བོད་འབྱོར།
༄༅།། དེ་ཡང་དུས་རབས་ཉི་ཤུ་པའི་དཀྱིལ་ནས་ཉེར་གཅིག་གི་མགོ་སྟོད་ཀྱི་དུས་དེ་རིང་བར་བོད་ཕྱི་ནང་གཉིས་སུ། བོད་མི་རིགས་འདིར་སྐུ་དྲིན་བླ་ལྷག་ཏུ་ཆེ་བའི་སྐྱེས་ཆེན་ཁག་ཅིག་སྟེ། བོད་ཕྱི་རུ་རང་རེའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་མཁས་པའི་གཙུག་རྒྱན་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག བོད་ནང་དུ་ཀུན་གཟིགས་༸པཎ་ཆེན་བཅུ་བ་ཆེན་པོ། འགྲན་གྱི་ཟླ་མེད་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་མཆོག མཁས་དབང་དམུ་དགེ་བསམ་གཏན་མཆོག གནས་ལྔ་རིག་པ་བ་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག མཁས་དབང་གཉན་ཤུལ་མཁྱེན་རབ་འོད་ཟེར་མཆོག མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག གཞོན་སྐྱེས་ཤེས་ཡོན་ཅན་དོན་གྲུབ་རྒྱལ་སོགས་མཚན་གྱིས་བོས་ན་གྲངས་ཀྱིས་ངལ་ཞིང་མཁྱེན་ཡོན་ཉི་ཟླ་ལྟར་གསལ་བའི་སྐྱེས་ཆེན་འདི་དག་གི་བཀའ་དྲིན་དང་། ཡང་སྒོས་གཞིས་ལུས་རྒྱ་ཆེའི་མི་མང་གི་འགྱུར་བ་མེད་པའི་བོད་མི་རིགས་ལ་བཅངས་པའི་ལར་ཞེན་དང་སྙིང་སྟོབས་ཀྱིས་བོད་མི་རིགས་ས་སྒང་འདིར་རྒྱུན་གནས་ཐུབ་པ་ཙམ་མ་ཟད། རྒྱ་དམར་གྱི་མི་སྤྱོད་ལས་འདས་པའི་རིམ་བསྒྱུར་རྩད་རྫོགས་ཀྱི་སྲིད་བྱུས་གདུག་རྩུབ་ཅན་གྱི་འོག་ཞུམ་པ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་དང་། རྒྱལ་ནང་མི་རིགས་ཁག་བར་མཐུན་སྒྲིལ་ཐབས་ཤེས་ཟུང་དུ་སྦྲེལ་ནས་བོད་ཀྱི་ངོ་བོ་དང་། རིག་གཞུང་སྐད་ཡིག་བཅས་སྲ་བརྟན་གནས་རྒྱུན་གནས་ཀྱི་ལས་ལ་འབད་བཞིན་པའི་བཀའ་དྲིན་ནི་མི་རབས་གསར་པ་དག་གིས་ནམ་ཡང་བརྗེད་མེད་དུ་དྲན་ཞིང་གླེང་དགོས་པའི་ལོ་རྒྱུས་ཀྱི་རྡོ་རིང་ནམ་མཁའ་དང་མཉམ་པ་དག་ཡིན།
དེང་གི་ཕྱི་ནང་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ། རིག་གཞུང་དང་གོམས་གཤིས་རྒྱུན་གནས་ཐུབ་པའི་སྲོག་རྩ་སྐད་ཡིག་ཁོ་ནར་ཐུག་ཡོད་པ་ལན་མང་གསུངས་ཡོད་ལ། དངོས་དོན་དུའང་མི་རིགས་ཀྱི་འབྱེད་ཆོས་གཙོ་བོ་སྐད་ཡིག་ལས་གཞན་འཇོག་ཏུ་མེད་པ་ཀུན་ལ་ཉམས་མྱོང་ཚད་མ་བྱུང་དང་འབྱུང་བཞིན་པ་འདི་རེད། ཡོངས་གྲགས་སུ་ ༡༩༤༩ ནས་བོད་ཤར་ཕྱོགས་མདོ་ཁམས་སྟོད་སྨད་ནས་རྒྱ་ནག་གིས་བོད་ས་རིམ་བཟས་ཀྱིས་མཐར་ ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་མོའི་ཆུ་ཚོད་ ༡༠ ནས་བོད་ས་ཡོངས་སུ་ཤོར་ཏེ་དེ་རིང་ཕྱི་ལོ་ ༢༠༡༣ བར། བོད་ཕྱི་ནང་གཉིས་ནས་སྐད་ཡིག་དང་རིག་གཞུང་གཅེས་གཉེར་གྱི་རིག་གནས་ལས་དོན་རྣམ་གྲངས་མང་པོའི་ཐད་གོང་གི་སྐྱེས་ཆེན་དེ་དག་གིས་སྐུ་ངལ་བླ་ལྷག་ཏུ་བསྐྱོན་ཏེ། ཐ་ན་རང་ཉིད་རྒྱ་ནག་གི་བཙོན་དུ་བཞུགས་དགོས་བྱུང་བ་སོགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེས། རང་དབང་ལུང་པར་སྡོད་པའི་བཙན་བྱོལ་བོད་མིའི་རིག་གནས་རྒྱུད་འཛིན་ལས་དོན་ལས། བོད་ནང་དུ་མེ་མདའ་དཔྲལ་བར་བཙུགས་པའི་གནས་སྟངས་འོག བོད་ཀྱི་སྐད་ཡིག་རིག་གནས་ཐད་བྱས་རྗེས་འབུར་ཐོན་ཅན་བཞག་པ་གསལ་འགྲེལ་བྱས་ཡོད་ལ། ལོ་རྒྱུས་དེབ་ཐེར་དུ་ལོ་ངོ་དྲུག་ཅུ་ལྷག་གི་བོད་ཕྱི་ནང་གི་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བཤིབ་བསྡུར་གྱི་དངོས་དོན་གསལ་བོར་འབྲི་དགོས་ཚེ། བཙན་བྱོལ་བོད་མི་ཚོས་ལྷོད་གཡེང་ངམ་༸བཀའ་བཞིན་མ་སྒྲུབ་པ། སྒྲུབ་ནུས་བྲལ་བ། སྒྲུབ་དགོས་པའི་སྙིང་དོན་མ་རྟོགས་པ། ཡང་ན་བཙན་བྱོལ་ནང་གི་རྒྱུགས་ཆེ་བའི་སྐད་དུ་སྨྲས་ན། ”ཆུ་ངན་ལམ་ཤོར་གྱི་དཔེ་ལས་མ་འདས་པ་ནི། གཙོ་བོ་སློབ་གསོའི་གཙོ་འཛིན་དུ་མིང་བཏགས་པ་རེ་འགས་རང་གི་ཁེ་ཕན་ཨང་དང་པོ་དང་མི་རིགས་སློབ་གསོ་ཨང་གཉིས་པར་བཞག་པའི་བྱས་ཉེས་ཡིན་པ་”སུས་ཀྱང་བསྒྱུར་བཅོས་མི་ནུས་པ་ཞིག་ཡིན་པ་གསལ་བོ་རེད།
འདི་གར་རང་དབང་བྲལ་བའི་གནས་སྟངས་འོག་ཁུ་སིམ་མེར་སྒོ་དང་སྒེའུ་ཁུང་བརྒྱབ་ནས་༼ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་༽ལ་བལྟས་པས། ཇི་སྐད་དུ་༸གོང་ས་ཆེན་པོས་”སྐྱོན་རང་གིས་ཤོད། བསྟོད་བསྔགས་མི་ལ་གཏོང་དུ་ཆུགས་”གསུངས་པ་ལྟར། བཙན་བྱོལ་ནང་གི་ནོར་འཁྲུལ་ཅན་གྱི་སློབ་གསོ་དང་བོད་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་མེད་པའི་སློབ་གསོའི་ལས་འཛིན་པ་དག་གིས་འཐུས་ཤོར་བཏང་བ་རྣམས། སྟོང་ལོ་གསར་པའི་ནང་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་རྣམ་གཉིས་ནས་ངོས་འཛིན་གསལ་བོ་བྱས་འདུག་སྐད་ཀྱང་། སློབ་གསོའི་ལས་དོན་དངོས་ཀྱི་ནང་ད་དུང་བྱུང་མི་དགོས་པ་དང་། བྱུང་ན་མི་འོས་པའི་དཀའ་ངལ་མང་དག་ཅིག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་ཉིད་མི་དགོས་པའི་བར་ཆད་ལས་རྣམ་པར་རྒྱལ་བ་དང་ཁོད་ཡངས་པའི་ལམ་དུ་ཕེབས་ཐུབ་ཀྱི་མེད་པའི་གནས་ཚུལ་རིམ་བཞིན་དུ་གོ་རྒྱུ་འདུག
སྐུ་ཞབས་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་དུ་ཕེབས་པ་ནས་ཁོང་གིས་བཀའ་ཤག་གསར་པས་དམིགས་བསལ་ཤེས་ཡོན་ཐད་ནུས་ཤུགས་བསྐྱོན་རྒྱུ་ཡིན་གསུངས་པའི་གནས་ཚུལ་རྣམས་བརྒྱུད་ལམ་ཁག་ནས་མཐོང་ཐོས་བྱུང་ལ། ད་བར་༸སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེས་འགྲོ་ཆོག་ཆོག་བཟོས་ཟིན་པའི་ལམ་དཀར་པོར་ནུས་ཤུགས་བསྐྱོན་ངེས་ཀྱི་ཡིད་ཆེས་དང་རེ་བ་མཐའ་གཅིག་ཏུ་བྱས་ཡོད་ནའང་། ཉེ་ཆར་ནས་གནས་ཚུལ་སྣ་ཚོགས་པ་ཞིག་གོ་རྒྱུ་འདུག་ལ། དེ་ལས་ཀྱང་ཨེ་ཡིན་ནམ་བསམ་བསམ་གྱི་སེམས་སྐྱོ་བའི་གནས་ཚུལ་ཁ་ཤས་ཐོས་པས་དེ་བས་ཀྱང་སེམས་སྐྱོ་བོ་བྱུང་། སེམས་སྐྱོ་ཡང་བྱ་ཐབས་ཟད་པའི་གནས་བབ་འོག་རྒྱུན་དུ་གོ་རྒྱུ་ཡོད་པའི་བོད་ཕྱིའི་རྩོམ་པ་པོ་ཁ་ཤས་ལ་སྐད་འཕྲིན་བརྒྱུད་ནས་འབྲེལ་བ་བྱེད་སྐལ་བྱུང་བ་དང་། ཁོང་རྣམས་ཀྱང་ང་ལྟར་གཅིག་མཚུངས་ཐུགས་མ་བདེ་བའི་ངང་བཞུགས་འདུག གནས་སྟངས་དེས་ངས་ཉེ་ཆར་ཐོས་པའི་གནས་ཚུལ་ཁ་ཤས་ཇི་བཞིན་བརྗོད་འདོད་བྱུང་བ་དང་། མཇུག་མཐར་བོད་ཀྱི་ཤི་གསོན་དང་འབྲེལ་བའི་༼ ཤེས་ཡོན་སྲིད་བྱུས་ ༽རྒྱུད་འཛིན་ལྷོད་མེད་ཞུ་རྒྱུར་རེ་འབོད་ཁ་ཤས་ཀྱང་ཞུ་བློ་འཁོར་བྱུང་། དེ་ནི་ང་མཁས་པ་ཡིན་པའི་ཚུགས་ཀ་གཏན་ནས་མིན་ཞིང་ཡིན་ངོ་མ་ནི་བོད་ནང་ནས་ཤེས་ཡོན་སྲིད་བྱུས་ལ་བཅངས་པའི་རེ་བ་དང་ཡིད་ཆེས་ཤེས་རྟོགས་བྱུང་ན། གཅིག་བྱས་ན་ཕན་པ་ཅུང་ཙམ་རེ་ཐོན་སྲིད་དམ་སྙམ་པས་ཡིན།
གུས་པས་ཤེས་གསལ་ལ། རྒྱ་གར་ངྷ་རམ་ས་ལའི་ཉེ་འདབས་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་ཟེར་བར་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་གནང་སྟེ། ཚོགས་འདུ་དེར་གྲོས་གཞི་སྣ་ཚོགས་པ་ཞིག་ཡོད་ཀྱང་ཤེས་ཡོན་སྲིད་བྱུས་ཀྱི་འཇུག་སྒོ་འཛིན་རིམ་ ༦ ནས་བོད་རང་གི་སྐད་ཡིག་སྟེང་སློབ་ཁྲིད་བྱ་དགོས་པའི་རྩ་དོན་ལ་དོགས་སློང་དང་བསམ་འཆར་བཤད་ཆོག་པའི་གྲོས་གཞི་ཞིག་བཀོད་ཡོད་པ་ཐོས། འོན་ཀྱང་རིག་གནས་ཀྱི་ལས་དོན་གྱི་རྐང་འཛིན་དགེ་རྒན་རྣམ་པ་ཚོས་དེ་ལས་ལྡོག་སྟེ་འཛིན་རིམ་ ༦ ནས་ཕར་ཟད། ཚད་མཐོའི་འཛིན་རིམ་བར་སློབ་གཞི་རྣམས་བོད་རང་གི་ཡི་གེར་གཏན་འབེབས་ཀྱིས་རང་རྐྱ་འཕེར་བའི་གཞི་འབྲིང་མཐོ་གསུམ་གྱི་སློབ་གླིང་ཚད་ལྡན་ཞིག་བསྐྲུན་དགོས་པའི་རེ་བ་བཏོན་ཡོད་པ་འདྲ། བསམ་ཚུལ་དེ་ནི་དངོས་གནས་བྱས་ན་ཧ་ཅང་དགོས་ངེས་ཅན་ཞིག་སྟེ། བོད་ནང་ནས་ཀྱང་རེ་བ་ཆེན་པོ་བྱེད་ཡུལ་གཅིག་བཙན་བྱོལ་ནང་དེ་ལྟའི་རང་རྐྱ་འཕེར་བའི་སློབ་གསོའི་མ་ལག་ཆ་ཚང་ཞིག་བྱུང་ན་བསམས་པ་དེ་རེད་ལ། ༸གོང་ས་ཆེན་པོས་སྐུ་ངལ་བླ་ལྷག་ཏུ་བསྐྱོན་པ་དང་། སློབ་གསོའི་སྡེ་ཚན་ཁག་ནས་བོད་མི་རིགས་དང་༸གོང་ས་ཆེན་པོའི་མཚན་གནས་རིན་པོ་ཆེའི་འོག་མཐུན་རྐྱེན་བསགས་སྒྲུབ་བྱས་པའི་དཔལ་འབྱོར་གྱི་འབོར་ཚད་དེས། ལས་དོན་བྱས་པ་ཡིན་ན་དཔལ་འབྱོར་ཐད་དཀའ་ངལ་འཕྲད་དགོས་པ་ཡོང་གཞི་མེད་པ་ཀུན་གྱིས་གླེང་ཞིང་། དེ་ལྟར་གནང་དགོས་ངེས་ཅན་ཞིག་ཀྱང་མ་རེད་དམ། མདོ་རྩ་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་སྟེང་ཤེས་ཡོན་སྲིད་བྱུས་དང་དེའི་ཉམས་ལེན་གྱི་མཐུན་རྐྱེན་རྣམས་གང་མགྱོགས་མ་ཚང་བ་མེད་པར་བསྒྲུབ་དགོས་པའི་བསམ་ཚུལ་དེ་ནི་གཞིས་ལུས་རྒྱ་ཆེའི་མི་དམངས་དང་། བོད་ནང་གི་ཤེས་ལྡན་ཆེ་འབྲིང་ཆུང་གསུམ་ཚང་མ་དགའ་འོས་པའི་དོན་དག་ཅིག་ཆགས་སོང་བས། སྟབས་གཅིག་བཀའ་དྲིན་ཡང་ཞུས་པ་ཡིན།
དེ་ནས་ཡུན་རིང་མ་ལོན་པར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་ཟེར་བ་ཞིག་ཏུ་ཤེས་ཡོན་ལམ་སྟོན་མཁས་པའི་ཚོགས་འདུ་ཞིག་སྐོང་འཚོགས་གནང་བ་ཐོས། ཚོགས་འདུ་དེ་ནི་ཤེས་ཡོན་སྲིད་བྱུས་ཐད་དང་ཤེས་ཡོན་སྲིད་བྱུས་ཉམས་ལེན་ཞུ་ཕྱོགས་གང་གི་ཐད་སློབ་སྟོན་ཞུ་འཆར་ཡིན་མིན་ཁ་གསལ་མེད་པ་ཞིག་ཡིན་སྐད། ཚོགས་འདུ་དེར་བོད་མི་སློབ་གསོའི་འགན་འཁུར་བ་ཁག་ཅིག་དང་ཕྱི་རྒྱལ་གྱི་མཁས་པ་ཁག་ཅིག་བཅས་གདན་ཞུ་གནང་ཡོད་ནའང་། ཧ་ལས་ཤིང་ཧང་སང་པ་ཞིག་ལ་༸སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་མི་འདུག་ཟེར། སྐབས་དེར་ང་དང་ང་འདྲ་བ་མང་པོས་གཅིག་བྱས་ན་༸རིན་པོ་ཆེ་མཆོག་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་པ་ཡིན་ནམ། ཡང་ན་རྒྱ་གར་གྱི་ཚོགས་འདུ་གལ་ཆེན་དེ་འདྲར་གདན་ཞུ་གནང་བ་མིན་ནམ་བསམས་མོད། རྗེས་སུ་ཤེས་རྟོགས་བྱུང་བར་༸ཟམ་གདོང་རིན་པོ་ཆེ་མཆོག་དངོས་གནས་གདན་ཞུ་གནང་མི་འདུག དེའི་རྐྱེན་ས་ཐག་རྒྱང་གིས་ཆོད་པའི་གནས་འདི་ནས་སེམས་ཁྲལ་དེས་གཉིད་ཀྱང་ཡལ་བར་གྱུར། ཇི་ལྟར་ཞེ་ན། བོད་ཕྱི་ནང་གི་མཁས་པ་དང་ཤེས་ལྡན་པ་དག་གིས་མགྲིན་གཅིག་དབྱངས་གཅིག་གིས་བཙན་བྱོལ་བོད་མིའི་བྱེད་སྒོ་རྣམ་གསུམ་ཐད་༸རྒྱལ་བ་རིན་པོ་ཆེ་ཕུད་༸ཟམ་གདོང་རིན་པོ་ཆེ་གོང་ན་མེད་པ་ཡིན་པ་དང་། ཡང་སྒོས་བོད་རང་གི་རིག་གནས་དང་ཤེས་ཡོན་གྱི་བྱེད་སྒོའི་ཐད་སྐྱེས་ཆེན་ཁོང་ལས་མེད་སྟབས། གངས་སྐྱིད་ཤེས་རིག་ལས་ཁུངས་ཟེར་བ་ནས་གདན་ཞུ་མ་གནང་བ་ནི་འཐུས་ཤོར་ཞིག་རེད་ལ། འདི་ནི་མ་གཞི་ནས་ལས་ཁུངས་གཅིག་གི་བྱེད་སྟངས་མིན་པར་དཔལ་ལྡན་བཀའ་ཤག་དང་ཡང་སྒོས་སྲིད་སྐྱོང་མཆོག་གི་ཐག་གཅོད་ཅིག་ལོས་ཡིན་བསམས། རྗེས་ནས་གནས་ཚུལ་གསལ་བོ་ཐོས་སྐབས་ཚོགས་འདུ་དེ་ག་རང་གི་སྟེང་དུ་ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་ངའི་སེམས་ཁྲལ་འདི་སེམས་ཁྲལ་དངོས་གནས་ཤིག་ཡིན་པ་བདེན་དཔང་བྱས་འདུག་ལ། མཁས་པ་དེས་ཀྱང་༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་གདན་ཞུ་མ་གནང་བར་བློ་འགྱོད་ཚད་མེད་བྱས་འདུག
ཏག་ཏག་སྐབས་འདི་འདྲ་ཞིག་ལ་སེམས་ཁམས་ཀྱང་དེ་ཙམ་སྐྱིད་པོ་མེད་ནའང་། ལས་དོན་ཅི་རིགས་ཆེད་ཡར་མར་དུ་སོང་ནས་ཕྱིར་བསླེབས་མཚམས་དེ་བས་ཀྱང་ཡ་མཚན་པའི་གནས་ཚུལ་ཞིག་ཐོས། དེ་ནི་དེ་སྔ་སྲིད་སྐྱོང་མཆོག་གིས་ལས་རོགས་བཀའ་བློན་མ་འདེམས་པའི་བར་དེར། བཀའ་དྲུང་མཚན་ཐོག་ནས་བཏང་བའི་བཀའ་རྒྱ་༡༼ སློབ་དེབ་བོད་སྒྱུར་བྱས་པ་ཁག་ཤེས་པར་ནས་བསླུ་ཡོན་ཞུ་དགོས་དང་། སློབ་སྐབས་རྗེས་མ་ནས་སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་དགོས། ༽ནང་དོན་འཁོད་པ་དང་འགལ་ཟླ་ཆགས་པའི་བཀའ་ཡིག་༢༼ ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་འདི་གའི་དྲུང་ཆེའི་གཙོ་སྐྱོང་འོག་ཤེས་ཡོན་རྟོག་ཞིབ་ཞུས་པའི་སྙན་ཐོ་དང་། མཐོ་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་གནང་བའི་གྲོས་ཆོད་འདི་མཉམ་ཟུར་འབུལ་ཞུས་ཡོད་པའི་ཐུགས་ཞིབ་དང་འབྲེལ། དེ་གར་འབྲེལ་ཆགས་གྲོས་གཞི་དོན་ཚན་ ༡ པོའི་གྲོས་ཆོད་ནང་གསལ་ལྟར་འཛིན་རིམ་ ༦ ནས་ ༨ བར་གྱི་སློབ་ཁྲིད་བརྒྱུད་ལམ་ཐད། ཨིན་བོད་སྐད་ཡིག་གཉིས་ཀྱི་ཚད་འཕེར་སློབ་དགེ་འདེང་ངེས་ཤིག་མ་བྱུང་བར་སློབ་འཁྲིད་བརྒྱུད་ལམ་གཙོ་བོ་ཨིན་ཡིག་དང་། ཚིག་དོན་དཀའ་གནད་རིགས་བོད་སྐད་བརྒྱུད་ལམ་ནས་འགྲེལ་བརྗོད་གནང་རྒྱུ་བཅས་སྔ་འཕྲོས་སྐད་གཉིས་ཟུང་འབྲེལ་སློབ་ཁྲིད་གནང་ཕྱོགས་འདི་ལྟར་གཏན་ཁེལ་སོང་བ་བཞིན་དེ་ནས་ཁྱབ་ཁོངས་སློབ་ཁག་ལ་ལག་བསྟར་བཀོད་ཁྱབ་ངེས་གནང་ཡོང་བ་དང་། འདི་གར་ཡང་འདི་བྱེད་སྙན་སེང་ཞུ་གནང་དགོས་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ ༽འཁོད་པ་ཞིག་སམ་བྷོ་ཌ། མ་སུ་རི། བོད་ཁྱིམ་སློབ་གྲྭ་བཅས་སུ་བཏང་ནས་འཛིན་རིམ་ ༦ ནས་སློབ་ཁྲིད་ཨིན་སྐད་ཐོག་གནང་དགོས་པ་དང་། ར་མ་འཕྲོད་སར་བོད་སྐད་ཐོག་འགྲེལ་བཤད་གནང་དགོས་གསུངས་འདུག དེས་ང་ནི་ཡུད་ཙམ་ཧད་པར་བྱས་ཤིང་། གལ་སྲིད་ར་མ་འཕྲོད་སྐབས་བོད་སྐད་ཐོག་འགྲེལ་བཤད་གནང་ཐུབ་ཀྱི་ཡོད་ན། འདི་གའི་སློབ་གསོའི་ལས་དོན་ལ་དོ་ཁུར་བྱེད་སྟངས་ལྟར་སྐུ་ངལ་ཞིག་བསྐྱོན་བཞག་ན་ཆ་ཚང་བོད་སྐད་ཐོག་ཁྲིད་མི་ཐུབ་པ་ཅི་ལ་ཡོད་སྙམ་གྱིས་བྲང་ངོས་ཁུ་ཚུར་གྱིས་ཐེངས་ཁ་ཤས་རྡུང་ཞིང་། བར་མཚམས་མ་བཞག་པར་ཐ་མག་ཁ་ཤས་འཐེན་དགོས་བྱུང་། གསལ་བོར་བཤད་ན་ངྷ་རམ་ས་ལའི་ཤེས་རིག་འཛིན་པ་འདིའི་སྐད་ཆ་འདི་གནའ་དེང་སློབ་གསོའི་གཞུང་ལུགས་གང་ཞིག་དང་། དངོས་དོན་གང་ལ་གཞིར་བཞག་ནས་གསུངས་པ་ཡིན་ནམ་ཞེས་དྲི་བ་ཞིག་བཏང་ན། དོན་དངོས་པོར་ལན་འདེབས་ཚད་ལྡན་ཞིག་ཡོད་དམ། ངྷ་རམ་ས་ལར་ཡོད་པའི་གྲོགས་རྩོམ་པ་པོ་དེས་བསྐུར་ཞིང་བདག་གི་ཁང་པའི་སྦུག་ཏུ་སྦས་པའི་ཤེས་ཡོན་སྲིད་བྱུས་དེ་སླར་ཡང་ལག་ཏུ་བླངས་ནས་ཡར་འགྲོ་མར་འགྲོ་ཁ་ཤས་བྱས་རྗེས། སྐད་འཕྲིན་གཞན་ཞིག་གི་སྟེང་ཕྱི་བཞུགས་གྲོགས་པོ་ཁ་ཤས་ལ་འབྲེལ་བ་བྱ་རྒྱུ་ཐག་གིས་བཅད་པ་ཡིན། ཕྱི་ཉིན་དེ་ག་རང་ལ་དེ་དག་ལེགས་འགྲུབ་བྱུང་བས་མ་ཟད། ངྷ་རམ་ས་ལ་ནས་ལྷོ་ཕྱོགས་ཆོས་སྒར་ཁག ངྷ་རམ་ས་ལས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག ངྷ་རམ་ས་ལ་ནས་ལྷ་ས་མདོ་ཁམས་སྟོད་སྨད་བཅས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་འདི་རྣམས་མར་མེ་གཅིག་ལས་གཉིས་མཆེད་དུ་འགྲོ་བཞིན་པ་རྟོགས་པས། བློ་བདེ་བོ་འདྲ་ཞིག་བྱུང་བ་ནི་ཤེས་ཡོན་ཅན་ཚོས་གནད་འགག་འདི་འདྲའི་སྐབས་བསམ་ཚུལ་སྦ་གསང་མེད་པར་འདོན་ངེས་ཀྱི་རེ་བ་དེ་རེད། འོན་ཀྱང་སྲིད་སྐྱོང་མཆོག་བར་སྐབས་དེར་ངྷ་སྟེང་བོད་ཁྱིམ་དུ་འཚོགས་པའི་དེའི་འགན་ལྷན་ཚོགས་འདུར་ཕེབས་པའི་གནས་ཚུལ་ཕྱིས་སུ་མ་གཏོགས་མ་ཤེས། ཡིན་ནའང་། སྟབས་མ་ལེགས་པ་ཞིག་ནི། སྲིད་སྐྱོང་མཆོག་ལ། འཇིག་རྟེན་མི་གྲལ་ནས་བོད་མིས་ལོ་ངོ་སྟོང་ཕྲག་མང་པོར་རང་ཚུགས་ཐུབ་རྒྱུའི་མཐུན་འགྱུར་ལ་ཐེ་ཚོམ་མེད་པའི་སྲོལ་རྒྱུན་དང་དེང་རབས་གཉིས་ཀར་དམིགས་ཏེ་གཏན་འབེབས་བྱས་པའི་༼ ཤེས་ཡོན་སྲིད་བྱུས་༽འདིར་རེ་དོགས་དང་། ཟབ་དོན་མ་རྟོགས་པའི་རྣམ་འགྱུར་ཐོན་པ་ཡིན་ན། བོད་སྤྱིའི་མདུན་ལམ་ལ་གནོད་པ་འབྱུང་ངེས་པ་ནི་བཤད་ག་ལ་དགོས་ཤིང་། དེ་བས་ཀྱང་འདི་གའི་ཤེས་ལྡན་པས་རང་གི་དབུ་ཁྲིད་ཀྱི་གནས་བབ་ལ་དེ་ལྟར་ངོས་འཛིན་བྱས་པ་ཡིན་ན། བོད་སྤྱི་ལ་གནོད་པ་དང་བཀའ་དྲིན་ཟླ་མེད་པ་དག་གི་བྱས་པ་ནག་བསུབ་བཏང་སྟེ་རི་ལུག་པ་ཐག་པས་མི་འདུམ་པའི་དཔེ་ལྟར་འགྲོ་ངེས་སྟབས། བོད་མི་རིགས་དང་བོད་གངས་ཅན་པའི་རང་ཚུགས་བརྟན་བཟུང་གནང་མཁན་གྱི་༼ ཤེས་ཡོན་སྲིད་བྱུས་༽འདི་དམ་འཛིན་གནང་རོགས་ཞེས་གཏམ་ཚོན་པོ་ཞུ་ཐལ་དུ་གྱུར།
དེ་ལས་ཅུང་ཙམ་འཕྲོས་ན། ༸གོང་ས་ཆེན་པོར་ཡིད་ཆེས་བློས་འགལ་གྱིས་འདི་ནས་ཕ་མ་གྲངས་ཀྱིས་མི་ཟིན་པས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་རྒྱ་གར་དུ་བརྫངས། མ་ཤི་གསོན་བྲལ་གྱི་སྡུག་བསྔལ་ཐོག་ཏུ་བབས་ཀྱང་བོད་མི་རིགས་ལ་དེ་ལྟར་སྲི་ཞུ་སྒྲུབ་དགོས་པ་༸གོང་ས་ཆེན་པོར་ཞབས་ཞུ་ཡང་དག་ཅིག་ཡིན་པར་བསམས་ཡོད་ལ། དངོས་དོན་དུའང་དེ་ག་རང་རེད། ཡིད་ཆེས་དེའི་འོག་ད་བར་བུ་ཕྲུག་རྣམས་བོད་ཁྱིམ་དང་མ་སུ་རི་སོགས་སུ་སློབ་གཉེར་གནང་བཞིན་ཡོད་ནའང་། དབྱིན་བོད་སྐད་ཡིག་གང་རུང་ལ་རང་རྐྱ་མ་འཕེར་བའི་གནས་སྟངས་༸གོང་ས་མཆོག་གིས་ཐེངས་གཅིག་ཙམ་མིན་པར་སྔ་ཕྱིར་དེ་ལྟར་གསུངས་ཟིན་པ་འདི་ནས་ཀྱང་མཇལ་སྐལ་བྱུང་། ང་ཚོས་ཤེས་གསལ་ལ་མི་མང་འཐུས་མིའི་ཚོགས་འདུའི་སྟེང་ཤེས་ཡོན་སྲིད་བྱུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གཏན་འབེབས་གནང་ཡོད་ནའང་། སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་དང་བོད་ཁྱིམ་འགན་འཛིན་ལྷན་ཚོགས། མ་སུ་རི་སློབ་གྲྭའི་དབང་འཛིན་ཚོགས་ཁག་སོགས་ནས་ད་བར་གནས་དུས་ཚོད་རྩིས་ཀྱིས། དཀའ་ངལ་བརྒྱ་ཕྲག་ཁྱད་དུ་གསོད་མཁན་བཀུར་འོས་དགེ་རྒན་རྣམ་པ་ཚོར་ཁ་དཀྲི་བྱས་ཤིང་། དགེ་རྒན་ཚོའི་ཤེས་ཚད་ཀྱིས་མ་འདང་བ་ཞིག་གསུངས་ཏེ་སྲིད་བྱུས་ལག་བསྟར་མི་བྱེད་པ་ནི་བཟང་པོའི་སྤྱོད་པ་དང་། སློབ་གསོའི་ལས་འཛིན་པ་དག་གི་བྱེད་བབ་ཅིག་མིན་པ་རྒྱལ་ནང་དང་བསྡུར་ནའང་ཤེས་ཐུབ་ཅིང་། གལ་སྲིད་སྒེར་བདག་གི་བསམ་བློས་༸གོང་ས་མཆོག་དང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་སྒྲུབ་བློ་མེད་ན། དེ་ཉིན་ནས་སློབ་གྲྭའི་ཐེབས་རྩ་དང་བཅས་པ་དབུས་སྒྲིག་འཛུགས་ལ་རྩིས་སྤྲོད་ཀྱིས་བོད་མི་རིགས་དང་བོད་ནང་གི་གནས་སྟངས་ལ་ཁ་ཞེ་གཉིས་མེད་ཀྱི་དགོངས་པ་མ་བཞེས་ཚེ། འདི་གའི་བོད་མིའི་རེ་བ་གཏོད་ཡུལ་ཅི་ཆགས་ཆ་མ་འཚལ་བ་ཞིག་ཡིན་པ་ནི། གཞིས་ལུས་རྒྱ་ཆེའི་མི་མང་གིས་ནམ་ཡང་བོད་མི་རིགས་ཀྱི་མ་འོངས་པ་དུས་ཀྱི་རྗེས་ཆོད་པའི་བོད་མི་ཆ་ཚང་ཞིག་བཟོ་འདོད་ཡོད་པ་ལས། བོད་མི་ཕྱེད་ཀ་ཞིག་བཟོས་ན་མི་འགྲིག་པའི་༸གོང་ས་མཆོག་གི་བཀའ་སློབ་ཚེ་སྲོག་ལས་ཀྱས་རྩ་ཆེར་བརྩི་ཡི་ཡོད་འདིས་གསལ་བཤད་ཐུབ་པ་ཞིག་ཡིན། གང་ཟག་རེ་འགའ་དང་དེའི་བརྒྱུད་འབྲེལ་ཁ་ཤས་ཀྱི་བསམ་བློ་གཏོང་ཕྱོགས་གཙོར་བཟུང་གིས། མི་རིགས་ཤིག་གི་སློབ་གསོའི་མདུན་ལམ་ལོག་ལམ་དུ་བསྒྱུར་བ་ཡིན་ན། སངས་རྒྱས་བསྟན་པ་དང་བོད་མི་རིགས་གཉིས་ཀའི་ལོ་རྒྱུས་ནང་དག་ཐབས་མེད་པ་ཞིག་ཆགས་རྒྱུ་ཡིན་པ་མི་མཁྱེན་མཁན་མེད་སྟབས། ༸གོང་ས་ཆེན་པོའི་བཀའ་ལ་དོན་དམ་བརྩི་བཀུར་ཞུ་མཁན་གྱི་སློབ་གྲྭའི་སྒྲིག་འཛུགས་ཤིག་ཡོང་བར། དབུས་དང་སློབ་གྲྭའི་སྒྲིག་འཛུགས་དེ་དག་གིས་བཀའ་མོལ་གནང་སྟེ། ཡང་ན་ཁོད་ཡངས་པའི་མདུན་ལམ་ཆེད་སྔར་བྱས་ལ་ཞིབ་འཇུག་མི་བྱེད་པའི་ཆ་རྐྱེན་བཞག་མི་ཆོག་པ་མི་འདུག་བསམས་པས། སློབ་གསོའི་ལས་འཛིན་པ་དེ་ཚོས་༸གོང་ས་ཆེན་པོ་དང་ཤི་གསོན་གང་སར་བོད་མི་རིགས་ལ་ཅེར་བ་དག་གི་རྔུལ་ཁྲག་འཕྲོ་བརླག་ཏུ་ཅི་ནས་ཀྱང་མི་གཏོང་བའི་རེ་བའང་ཞོར་འཕྲོས་སུ་ཤོར་སོང་།
ད་ནི་དཀྱུས་སུ་སོང་ན། དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་བཀའ་ཤག་དང་། སྲིད་སྐྱོང་མཆོག ཤེས་རིག་བཀའ་བློན་དང་དྲུང་ཆེ་འབྲེལ་ཐོག་བཅས་པ། གཞན་ཡང་བཀའ་ཟུར་རྗེ་བཙུན་པད་མ་མཆོག བོད་ཁྱིམ་འགན་འཛིན་ལྷན་ཚོགས་དང་མ་སུ་རི་སློབ་གྲྭའི་དབང་འཛིན་ཚོགས་ཁག ཕྱོགས་བཞུགས་མཁས་པ་སུས་ཀྱང་། ཤེས་ཡོན་སྲིད་བྱུས་རང་སྟེང་ལ་རིགས་པ་དང་མཐུན་པའི་དགག་གཞག་གི་ལམ་ནས་བསམ་ཚུལ་བཏོན་པ་ཡིན་ན། མིའི་འགྲོ་བའི་བྱུང་རབས་དང་ཡང་སྒོས་བོད་ཀྱི་ཤེས་ཡོན་ལམ་སྲོལ་ནང་འཁུར་བླངས་པའི་དན་རྟགས་དངོས་སུ་ཐོན་པ་ཡིན་མོད། དེ་ལྟ་མིན་པར་རྒྱབ་མདུན་མི་མཚུངས་པ། སྐད་ཆ་རིང་ཐུང་སྣ་ཚོགས་གསུངས་པ། མི་རེ་རེར་འཕྲད་ན་བཀའ་མོལ་རེ་རེ་གསུངས་པ་བཅས་ཀྱི་གནས་ཚུལ་ཐོས་རྒྱུ་ཡོད་པ་འདིས། མདོ་དོན་བོད་མི་རིགས་ཀྱི་རྩ་དོན་སྐད་ཡིག་དང་རིག་གནས་སློབ་གསོའི་ལས་དོན་སྣང་མེད་དུ་བཞག་པ་མཚོན་པས་དེ་ནི་འོས་འཚམ་ཤིག་གཏན་ནས་མིན་སྟབས། བསམ་སྤྱོད་གཟབ་ནན་ཞིག་སྟོན་པའི་དུས་ལ་བབས་འདུག་བསམས།
གོ་ཐོས་ཙམ་མིན་པར་དོན་དངོས་རང་ལའང་། ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་བཟོ་མཁན་ལས་བྱེད་མགོ་མང་ཡོངས་ནས། སྤྱི་ཚོགས་ཚན་རིག་དང་ཨང་རྩིས། ཚན་རིག་བཅས་བོད་རང་གི་ཕ་སྐད་སྟེང་འཛིན་རིམ་བརྒྱད་པའི་བར་དེ་སྔ་ནས་ལེགས་འགྲུབ་བྱུང་འདུག་པ་འདི་ནས་རྩད་གཅོད་ཡག་པོ་བྱས་ཡོད། རྩ་བ་བསླབ་གཞི་དེ་དག་ཀྱང་བོད་རང་གི་དགོས་མཁོ་འབའ་ཞིག་གཙོ་བོ་དང་། གཉིས་པ་འཇིག་རྟེན་མི་གྲལ་དུ་བོད་མིས་ཤེས་ཡོན་གྱི་མགོ་བོ་དགྱེ་སྟེ་མཉམ་ཞུགས་གནང་ཐུབ་པ་ཞིག་ལ་དགོངས་གཞི་གཙོ་ནན་བྱ་དགོས་པ་ལས། ཡུལ་ལུང་གཞན་གྱི་བྱེད་སྟངས་ཇི་བཞིན་པའི་རྗེས་སུ་ཤར་ཤར་རྒྱུགས་མ་ཐུབ་ན་དེང་དུས་ཀྱི་ཤེས་ཡོན་གྱི་ཚད་ལོངས་པ་ཞིག་མི་ཡོང་ངམ་བསམས་པ་ནི། སྤྱིར་ཤེས་ཡོན་དང་། སློབ་གསོ། དེང་གི་འཇིག་རྟེན་སྤྱིའི་འཕེལ་རིམ་ལ་རྒྱུས་མངའ་མེད་པས་ལན་པ་མ་གཏོགས། ཤེས་ཡོན་སྲིད་བྱུས་ཀྱིས་མ་འགྲིག་པའམ། ཡང་ན་བཙན་བྱོལ་ནང་དེ་ལག་ལེན་བསྟར་མཁན་གྱི་ཤེས་ལྡན་པ་དང་དགེ་རྒན་ཚད་ལོངས་པ་ཞིག་མེད་པས་མིན་པ་ནི་ཐག་བཅད་ཆོག་པ་ཞིག་ཡིན་པ། ཐམས་ཅད་མཁྱེན་པ་དག་ལ་བཀའ་འདྲི་ལམ་སྟོན་ཞུས་ན་དེ་ག་རང་རེད་ཅེས་ལོས་གསུངས་སྙམ་པའི་ཡིད་ཆེས་བརྟན། འོན་ཀྱང་། ༸སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཤེས་ཡོན་སྲིད་བྱུས་གླེང་བརྗོད་ནང་”མཁས་པའི་འདུན་སར་གཏོགས་པའི་མཁས་དབང་རེ་ཟུང་གིས་”གསུངས་པ་དེ། བདེན་མཐའ་རིམ་གསལ་དངོས་པོའི་ཆོས་ཉིད་དུ་སོང་དེང་སང་ཀུན་གྱིས་དེ་འདྲའི་འཇིགས་སུ་རུང་བའི་ཉེན་བརྡ་སྟེ ”ཤེས་ཡོན་སྲིད་བྱུས་ཀྱིས་འབྱུང་འགྱུར་བོད་མིའི་ཤེས་ཡོན་མདུན་ལམ་ལ་གནོད་ཚབས་ཆེན་པོ་ཡོང་ཚུལ”་ཞེས་༸གོང་ས་མཆོག་ལ་ཕྲ་མ་འཇུག་མཁན་སུ་ཡིན་རྟོགས་ཡོང་སྐབས། གཟུར་གནས་བློ་ལྡན་བོད་ཀྱི་རིག་གནས་ཀྱིས་བློ་བསྒྱུར་བ། བོད་ཀྱི་མི་རབས་གསར་པའི་ཆེད་དུ་རང་ཉིད་བློས་གཏོང་མཁན་གྱི་དཔའ་བོ་དེ་དག་ཧ་ལས་ཤིང་ཧང་སང་པའི་ངང་། འདི་རྣམས་ཆབས་ཅིག་ལོ་རྒྱུས་སུ་བཀོད་པ་ཡིན་ན་དེ་ནི་ཕང་སེམས་ཆེན་པོ་ཡིན་སྟབས། གཙང་བཟོའི་གོ་སྐབས་ཡོད་བཞིན་དུ་ཕྱིས་སྡོམ་མི་བྱེད་པ་ཅི་ལ་སྲིད་དམ་སྙམ་མུས་ཡིན།
གལ་སྲིད་ད་ལྟ་དགེ་རྒན་ཚད་ལོངས་པ་ཞིག་མེད་པས་འཛིན་རིམ་ ༦ ནས་སློབ་ཁྲིད་དབྱིན་སྐད་ཐོག་བྱེད་རྒྱུར་ཐག་གིས་བཅད་པ་ཡིན་ན། དབྱིན་ཡིག་ཐོག་སློབ་ཁྲིད་བྱས་ཚེ་མེད་པ་ཡོད་པར་འགྱུར་ངེས་ཀྱི་ཕན་ག་ཚོད་ཐོག་གི་ཡོད་དམ། འོ་ན་དུས་ཚོད་ག་ཚོད་བར་དགེ་རྒན་ཚད་ལོངས་པ་ཞིག་བཟོ་ཐུབ་ཀྱི་ཡོད་དམ་ཞེས་དྲི་བ་རང་བཞིན་གྱིས་འཁོར་ངེས་ལ། དེ་ལས་ཀྱང་དགེ་རྒན་གྱི་དཀའ་ངལ་གྱིས་ད་ལྟ་དེ་ལྟར་སོང་ན་མ་འོངས་པར་བོད་ལ་ཕན་ཐོག་འབྱུང་ངེས་ཀྱི་གདེང་ཚོད་ཡོད་དམ་ཞེས་པའི་དྲི་བ་འདིའང་བསླེབས་ངེས་སྟབས། བོད་མི་རིགས་དང་རང་ཉིད། རང་ཉིད་ཀྱི་བུ་རབས་ཚ་བརྒྱུད་ལ་བསམ་བློ་གཏོང་བ་དང་འགན་འཁུར་གྱི་ཡོད་ན། རྒྱུ་མཚན་དང་གཞུག་ལམ་གཙོ་བོ་འཇོག་དགོས་པ་ལས། སློབ་གསོའི་མ་ལག་གང་ཟག་ལ་རྟོན་པའི་བསམ་ཕྱོགས་ཡན་གར་བའི་དབང་དུ་བཏང་ན་དེ་ནི་སུས་ཀྱང་ངོས་ལེན་དང་གུ་ཡངས་མི་གཏོང་བ་ཞིག་ཡིན་སྟབས་གསལ་ལ་མ་གསལ་བའི་གནང་སྟངས་འདི་འདྲ་ཧ་ཅང་ཉེན་ཁ་ཆེན་པོ་རེད་བསམས།
གཞན་ཡང་ཤེས་ཡོན་ཆེད་ཐོབ་པའི་ཨ་སྒོར་ས་ཡ་ཁ་ཤས་དང་ཕྱེད་ཀ་དེ་ཡང་། འོ་ན་དགེ་རྒན་རྙིང་པའི་མཐུན་རྐྱེན་དང་དགེ་རྒན་གསོ་སྐྱོང་ཆེད་ནར་གཏོང་བྱེད་དགོས་ངེས་ཀྱང་། གོ་ཐོས་བྱས་ན་ཡིད་མི་ཆེས་པའི་བཤད་སྟངས་སྣ་ཚོགས་ཤིག་འདུག་པས་དེ་རྣམས་འདིར་བྲིས་ན་དགེ་བ་ཆེར་མ་མཐོང་། གང་ལྟར་ངས་མཇུག་བསྡོམས་བཙན་བྱོལ་ནང་གི་གོང་འཁོད་སློབ་གསོའི་གཙོ་འཛིན་པ་རྣམས་ལ་འབོད་སྐུལ་ཞུ་འདོད་པ་ཞིག་ནི། རྒྱུ་མཚན་ལྟར་སྣང་དང་རྫུན་མ། བཤད་རྗེས་འབྲངས་པ་ཅི་རིགས་དང་། དེ་བཞིན་རང་གི་ཁེ་ཕན་ཕྱོགས་གཏོགས། ཤོག་ཁག་ཕྱོགས་གཏོགས་བཅས་ཀྱི་བཤད་ཡམས་དང་ཁེ་ཕན་ལ་དབུ་མ་འཁོར་བར་དོན་དམ་པར༸རྒྱལ་བའི་བཀའ་དགོངས་དངོས་གནས་པ་ཞིག་སྒྲུབ་ཀྱི་ཡོད་ན། ༸རྒྱལ་བའི་བཀའ་དགོངས་དཀྱིལ་སྙིང་ཡིན་པའི་བོད་མི་རིགས་ཀྱི་རྩ་དོན་ཐོག་རྒྱབ་མདུན་མེད་པ་ཞིག་མ་གནང་དུས། བཙན་བྱོལ་ལོ་ ༦༠ ནས་ ༧༠ རིམ་བཞིན་འཇིགས་སྣང་ཆེན་པོའི་ཕྱོགས་སུ་འགྲོ་རྒྱུ་ཡིན་པ་མ་ཟད། ཉིན་ཞིག་བཙན་བྱོལ་ནང་བོད་དོན་བཤད་རྒྱུ་ཕར་ཟད། རྐང་པ་ས་ལ་འཛུགས་ས་རྙེད་མིན་བཤད་ཁག་པོ་ཆགས་ངེས་སྟབས། བོད་ཕྱི་ནང་གི་རེ་བ་མ་བརླག་པར་ད་ནས་བཟུང་དགོངས་དཀྱེལ་ཆེ་ཙམ་བསྟན་རོགས་ཞེས་ཞུ་ཐལ་ཤོར་སོང་ན། ཅི་ནས་ཀྱང་གསན་བཞེས་གནང་སྐྱོང་ཡོང་བ་ཞེས་ཞུ་བའོ།། །།
སྐུ་ཞབས་ཤེས་རབ་བཀྲ་ཤིས་ལགས། གལ་ཏེ་ཀྱི་གསུང་བ་དེ་བདེན་ཡིན་ན། བཙན་བྱོལ་ཚང་གི་བཀའ་སྤྱི་གཉིས་ཀྱིས་འགན་མ་ཁྱེར་བས་སྣག་ཐོག་བཙག་འཁེལ་རང་རེད། འོན་ཀྱང་། བཤགས་འབྱེད་པ་དང་ཕྱོགས་ལྷུང་གི་དྲི་མས་གོས་ཤིང་རྒལ་ལན་ཙམ་གྱི་ཕྱིར་དུ་ལགས་ན། སྐུ་མཁྱེན་རྗེས་ཕྱོགས་ནས་དེ་འདྲའི་བྱ་ངན་མ་སྤེལ་རོགས། གང་ལྟར་ཁྱེད་གཞིས་ནས་ཡིན་དང་བྱེས་ནས་ཡིན་ངས་ཇུས་གཏོགས་བྱ་མི་འདོད།
སེམས་ཚོར་ཡོད་པའི་བཀའ་མོལ་གནང་འདུག་པར་དགའ་བསུ་ཞུ། གཞིས་བྱེས་གང་ཡིན་རྩོད་དགོས་དོན་མི་འདུག གཙོ་གནད་རྩོམ་ཆོས་ལ་བལྟ་དགོས།
གལ་སྲིད་རྩོམ་འདི་བོད་འབྱོར་ཡིན་ན། བྱེས་སྐད་ཀྱི་ལམ་ནས་བརྩམས་ཟིན་པས། ཉུང་མཐར་མི་འདི་བྱེས་པའི་ཁྲོད་འཛུལ་ནས་ལོ་མང་པོ་འགོར་འདུག