མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་ཨ་མ་རིན་ཆེན་སྒྲོལ་མ་ལགས་དང་ཁ་བརྡ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་ལག་ཏུ་མ་ཤོར་སྔོན་ནས་རྒྱ་གར་ནང་འབྱོར་ཡོད་པ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ནི་བོད་དོན་འཐབ་མོ་བ་སྔ་གྲས་ཤིག་ཡིན་པ་དང་། ད་ལྟ་དགུང་གྲངས་ ༦༨ ལ་སོན་ཡོད་ཀྱང་སེམས་ཤུགས་ལ་ཉམས་པ་མེད་པར། བོད་དོན་ལས་འགུལ་རིགས་ལ་མཉམ་ཞུགས་ཀྱི་ཞོར་དུ། བོད་ཡིག་ཀ་ཁ་སློབ་སྦྱོང་ལ་འབད་བཞིན་ཡོད་པར་འདི་གའི་གསར་འགོད་པས་ཁོང་གི་ཀྱག་ཀྱོག་མི་ཚེའི་སྐོར་ལ་གླེང་མོལ་བྱས་ཡོད།

ངྷ་རམ་ས་ལར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་བོད་དོན་ལས་འགུལ་ཆེ་ཆུང་གང་ཞིག་སྤེལ་ཡང་། དུས་རྒྱུན་ལག་ཏུ་དབྱུག་པ་ཐུང་ཐུང་ཞིག་གི་རྩེར་གངས་སེང་རྟགས་ཅན་གྱི་བོད་པའི་རྒྱལ་དར་ཆུང་ཆུང་ཞིག་དང་། དེའི་འོག་༧གོང་ས་མཆོག་གི་སྐུ་པར་ཞིག་བཏགས་ཡོད་པའི་ཕྱག་མཚན་ཐུན་མོང་མ་ཡིན་པ་ཞིག་བསྣམས་ཏེ།  མཚམས་རེར་ལས་འགུལ་གྱི་རྒྱབ་ཏུ་བསྡད་དེ་གཞོན་སྐྱེས་ཚོར་སྐུལ་སློང་བྱེད་པ་དང་། མཚམས་རེར་མདུན་ལ་ཐོན་ཏེ་གསར་འགོད་པ་ཚོའི་མདུན་དུ་ངུ་ཤུམ་བྱེད་བཞིན་བོད་དོན་ཞུ་གཏུག་བྱེད་མཁན་ཨ་མ་རིན་ཆེན་སྒྲོལ་མ་ལགས་ནི། ངྷ་སའི་མི་མང་གི་མིག་ལ་གོམས་འདྲིས་ཆེ་བའི་ལས་འགུལ་བ་དགུང་ལོ་བགྲེས་ཤོས་དང་། ངྷ་སའི་གསར་འགོད་པ་དང་ཆབ་སྲིད་པ་དག་གི་དྲན་ངོས་ན་གོ་གནས་དམའ་ཤོས་ཀྱི་བོད་དོན་འཐབ་མོ་བ་ཉམས་ཆུང་དེ་ཡིན་ངེས།

ཕྲན་རྒྱ་གར་ངྷ་རམ་ས་ལར་ཐོག་མར་འབྱོར་བ་ནས་བཟུང་ཨ་མ་རིན་ཆེན་སྒྲོལ་མ་ལགས་མིག་ལམ་ཏུ་ཡང་ཡང་བརྒྱུད་མྱོང་པ་མ་ཟད། ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་གི་སྒེར་བཙུགས་བོད་ཡིག་འཛིན་གྲྭ་རུ་ཨ་མ་རིན་ཆེན་སྒྲོལ་མའི་ལག་ཏུ་འབྲི་དེབ་དང་སྨྱུ་གུ་བཟུང་སྟེ། སློབ་ཆུང་འགྲིམ་བཞིན་པའི་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར། ཡི་གེའི་སྦྱོར་ཀློག་སྐད་ཤུགས་ཆེན་པོས་འདོན་པ། དགེ་རྒན་གྱི་དྲི་བར་ལན་འདེབས་བྱེད་པར་རྔམ་པའི་སྤྲོ་སྣང་དག་མཐོང་སྐབས་ངས་ཀྱང་སོ་སོའི་བྱིས་དུས་ཀྱི་མཛེས་སྡུག་དེ་དག་དྲན་འོང་ཞིང་། ང་ཁོ་མོ་དང་བར་ཐག་ཧ་ཅང་ཉེ་བའི་ཚོར་བ་ཞིག་ཀྱང་སྐྱེ་འོང་གི་འདུག བྲེལ་ཟིང་ཆེ་བའི་ངྷ་སའི་ཁྲོམ་གཞུང་ནས་ཁོ་མོར་འཚམས་འདྲི་རེ་བྱེད་པ་ཙམ་ལས་ཁ་བརྡ་ལྷོད་ལྷོད་ཅིག་གི་གོ་སྐབས་མ་རག་ལ། སྔོན་ཆད་ངེད་གཉིས་ཀྱིས་ཁོང་མོའི་མི་ཚེའི་ལོ་རྒྱུས་སྐོར་ལ་བཅར་འདྲི་ཞིག་བྱེད་རྒྱུ་བྱས་ཡོད་པ་དེ་ཡང་ལེ་ལོ་དང་ལས་བྲེལ་བར་ནས་ད་བར་ལུས་སོང་།

ཉིན་ཤས་གོང་ཨ་མ་རིན་ཆེན་སྒྲོལ་མར་ན་ཚ་ཞིག་གིས་ཉལ་སར་ལྷག་ཡོད་པ་ཐོས་འཕྲལ་ཨུ་ཚུགས་ཀྱིས་ཆུ་ཚོད་ཅིག་བཏོན་ཏེ་ཁོང་མོའི་ཁྱིམ་ལ་ལྟ་རུ་ཕྱིན་པ་ཡིན། ཁོང་མོ་མེག་གྷན་ཟློས་གར་ལམ་གྱི་ཁང་པ་གཉིས་ཐོག་ཅིག་ཏུ་བསྡད་འདུག ཁང་པའི་ནང་གི་བཟོ་དབྱིབས་དེ་ཙམ་མཛེས་པོ་མེད་པ་དང་། ནང་གི་ཅ་དངོས་དག་ཀྱང་གོ་རིམ་མེད་པར་བཞག་འདུག་ཀྱང་།བོད་པའི་ཁ་རྒྱུན་དུ་ ‘མི་རྒན་ཁྱིམ་གྱི་གཡང་ཡིན། རྡོ་རྒན་རི་ཡི་རྒྱན་ཡིན’ ཟེར་བ་བཞིན། ཁོང་མོའི་ཉལ་ཁྲིའི་མདུན་གྱི་ཅོག་ཙེའི་སྟེང་འོ་ཇ་དང་སྦྲང་རྩི། ཆུར་བ་རློན་པ་སོགས་ཟས་རིགས་ཀྱིས་ཁེངས་ཤིང་། ཁྱིམ་ཡོངས་སུ་བཙན་བྱོལ་གྱི་འཚོ་བ་ངན་ངོན་འདིའི་ཁྲོད་ནས་ཆེས་མཐོང་དཀོན་པའི་སྤྲོ་སྣང་དང་དྲོད་ཁོལ་ཞིག་འཁྱིལ་འདུག

ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་ང་མཐོང་མ་ཐག་ཧ་ཅང་དགའ་ཏེ་“ཕེབས་ཤོག་ཕེབས་ཤོག་”ཟེར་ནས་ལམ་སང་བུ་མོ་ལ་འོ་ཇ་དང་བྷེ་སི་ཁའུ་ཊི་(biscuit )འཁྱེར་ཡོང་དུ་བཅུག་སོང་། ངས་ཐོག་མར་ཁོང་མོའི་ན་ཚའི་གནས་སྟངས་ག་འདྲ་ཡིན་མིན་དྲིས་རྗེས།གཟུགས་པོས་ལྕོགས་ཚེ་མོའི་མི་ཚེའི་ལོ་རྒྱུས་སྐོར་ནས་ཁ་བརྡ་ཞིག་བྱེད་རྒྱུར་རེ་བ་ཞུས་པར་ཁོང་མོས་དགའ་བཞིན་དུ་དང་ལེན་གནང་སོང་། ངེད་གཉིས་ཀྱི་ཆུ་ཚོད་འགའི་རིང་གི་ཁ་བརྡའི་ཁྲོད་ནས་ཨ་མ་རིན་ཆེན་སྒྲོལ་མས་མཚམས་རེར་སྐྱོ་གདུང་གི་དབུགས་རིང་འབྱིན་ཞིང་མིག་མཐར་མཆི་མ་འཁྲུག་པ་དང་། མཚམས་རེར་ཁ་ལག་པས་བཀབ་ནས་གད་མོ་ལྷུག་ལྷུག་དགོད་བཞིན་དགའ་སྐྱོ་ཟུང་གི་འདས་པ་གྲངས་མེད་ཅིག་ལ་ཕྱིར་དྲན་བྱས་སོང་།

ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱི་ཕ་མ་གཉིས་ཁམས་ནས་ཡིན་ཞིང་། ཕ་མ་གཉིས་ཀྱིས་རྐང་པ་བརྒྱབ་སྟེ་ལྷ་སར་གནས་མཇལ་དུ་སྐྱོད་པའི་ལམ་བར་དུ། ཕྱི་ལོ་ ༡༩༤༠ ཡས་མས་ཤིག་ལ་ཀོང་པོར་ཡོད་པའི་ཨ་མའི་སྤུན་མཆེད་ཅིག་གི་ཁྱིམ་དུ་ཨ་མ་རིན་ཆེན་སྒྲོལ་མ་ཁོ་མོ་སྐྱེས་ཡོད་པ་དང་། དེ་གར་ལོ་ཤས་བསྡད་རྗེས་ཁོང་བཟའ་མི་གསུམ་ཀོང་པོ་ནས་ལམ་ལ་ཆས་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ཤིག་ལ་གནས་མཆོག་ལྷ་སར་འབྱོར་ཡོད་འདུག སྐབས་དེར་ཁོ་མོ་རང་ལོ་ ༦ ཙམ་ཡིན་འདུགལྷ་ས་རུ་ཕོ་བྲང་པོ་ཏཱ་ལ་དང་ལྷ་ལྡན་གཙུག་ལག་ཁང་། དེ་བཞིན་ལྷ་སའི་ཉེ་འགྲམ་གྱི་དགོན་པ་དང་གནས་ཆེན་ཁག་ཏུ་མཇལ་སྐོར་དུ་ཕྱིན་ཏེ། རིམ་གྱིས་སྟོད་ཕྱོགས་ཀྱི་གནས་ཆེན་ཁག་ལ་མཇལ་སྐོར་བྱེད་བཞིན་ས་མཚམས་ཇི་ལྟར་བརྒལ་བའང་མ་ཤེས་པར་འབྲུག་རྒྱལ་ཁབ་ནང་བསླེབས་ཡོད་འདུག

འབྲུག་ཏུ་ཁོང་མོའི་ཕ་དམ་པའི་ཚོང་ཤག་ཅིག་གི་སར་ལོ་འགར་བསྡད་ཡོད་པ་དང་། ཨ་མ་རིན་ཆེན་སྒྲོལ་མ་ལོ་ ༡༢ ཙམ་གྱི་སྟེང་རྒྱ་གར་ནང་ཡོང་ཡོད་པ་དང་། སྐབས་རེར་མེ་འཁོར་དང་སྐབས་རེར་ཤིང་རྟ་འཁོར་ལོ། སྐབས་རེར་རྐང་པ་བརྒྱབ་པ་སོགས་བྱས་ཏེ་རྩྭ་མཆོག་དྲུང་དང་རྣམ་དག་གྲོང་། བྱ་རྒོད་ཕུང་པོའི་རི། ཝ་ར་ཎཱ་སི་སོགས་གནས་ཆེན་ཁག་མང་པོར་མཇལ་སྐོར་དུ་ཕྱིན་ཏེ་ ༡༩༥༦ ལོར་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་སྐབས། ༸གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྣམ་གཉིས་སྟོན་པ་ཤཀྱཱ་ཐུབ་པ་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་དྲན་སྟེང་ཕེབས་ཏེ། མི་མང་སྟོང་ཕྲག་མང་པོར་ཆོས་འབྲེལ་བཀའ་དབང་སྩོལ་བཞིན་པའི་སྐལ་བཟང་ལ་ཁེལ་ཡོད་པ་དང་། སྐབས་དེར་རྡོ་རྗེ་གདན་མཆོད་རྟེན་གྱི་ཉེ་འཁོར་ཀུན་དུ་བོད་ནས་ཡོང་བའི་ཆོས་ཞུ་བ་ཚོའི་སྦྲ་གུར་གྱིས་ཁེངས་བའི་རྣམ་པ་དེ། དུས་ད་ལྟའང་ཨ་མ་རིན་ཆེན་སྒྲོལ་མའི་དྲན་ངོས་ན་ཧ་ཅང་གསལ་བོ་འདུག་ཟེར།

གནས་མཆོག་རྡོ་རྗེ་གདན་གྱི་གཞུང་འབྲེལ་མཛད་སྒོ་དང་གསུང་ཆོས་སོགས་གྲུབ་རྗེས། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་དུ་ཕེབས་ཚར་བ་གོ་ཞིང་། ཁོང་མོའི་ཕ་ལགས་ཀྱིས་ད་ནི་རྒྱ་གར་གྱི་གནས་ཆེན་ཁག་ཚང་མར་གནས་མཇལ་བྱས་ཚར་ཡོད་སྟབས་ང་ཚོ་ཕྱིར་ཕ་ཡུལ་དུ་ལོག་ཅེས་ཁོང་བཟའ་མི་གསུམ་ཕ་ཡུལ་བོད་དུ་ལོག་རྒྱུར་གྲ་སྒྲིག་བྱས་ཏེ། ཕ་ཡུལ་གྱི་གཉེན་ཉེ་ཚོར་ལག་རྟགས་བ་སོའི་ལག་གཏུབ་དང་མུ་ཏིག་གི་རྒྱན་ཆ་སོགས་མང་པོ་ཉོས་ཏེ། བོད་རིགས་གནས་མཇལ་བ་འགའ་དང་མཉམ་དུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་མཚོ་པདྨ་ཅན་དུ་བསླེབས་པ་དང་། དེ་ནས་སྤི་ཊི་བརྒྱུད་ས་མཚམས་བརྒལ་ཏེ་སྟོད་མངའ་རིས་ཀྱི་གངས་རིན་པོ་ཆེ་བསྐོར་ནས་ཕ་ཡུལ་དུ་ལོག་རྩིས་བྱས་ཡོད་ཀྱང་། སྐབས་དེར་འགྲོ་མ་ཐུབ་པར་གནས་སྐབས་རིང་ཕྱིར་རྒྱ་གར་ནང་ལོག་དགོས་བྱུང་ཡོད་པ་དང་། དེའི་རྗེས་ཡང་བསྐྱར་རོ་ཐང་བརྒྱུད་གངས་རིན་པོ་ཆེར་གནས་མཇལ་དུ་ཕྱིན་སྐབས། ཁོ་མོའི་ཕ་ལགས་སུ་ཤ་དུག་ཅིག་ཕོག་སྟེ་ལམ་བར་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག སྐབས་དེའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྟབས་གནས་སྐོར་བ་རོགས་པ་ཚོ་དང་མཉམ་དུ་ཕུང་པོ་མེར་བསྲེགས་བཏང་རྗེས། ཁོང་མ་སྨད་གཉིས་མུ་མཐུད་རྐང་པ་བརྒྱབ་སྟེ་གངས་རིན་པོ་ཆེར་གནས་སྐོར་དུ་བསྐྱོད་ཡོད་འདུག “རྒྱ་ཉོ་མ་”ཟེར་བའི་ཐང་ཆེན་ཞིག་ཏུ་རྟ་ནོར་ལུག་གསུམ་དང་། གོས་ཆེན་དང་རས། སྲན་མའི་རིགས།བལ་སོགས་ཉོ་ཚོང་བྱེད་སའི་ཚོང་ར་ཆེན་པོ་ཞིག་ཡོད་པ་དང་། ཁོ་ཚོ་དེར་ཉིན་ཤས་རིང་བསྡད་རྗེས། གནས་མཇལ་བ་གཞན་རྣམས་བོད་དུ་མ་སོང་བར་ཕྱིར་རྒྱ་གར་དུ་ལོག་པར་བརྟེན། ཁོང་མ་བུ་གཉིས་ཀྱང་བོད་ལ་འགྲོ་མ་ནུས་པར་ཕྱིར་ལོག་སྟེ་རྒྱ་གར་རྡོ་རྗེ་གླིང་དུ་ཕྱིན་ཡོད་འདུག

སྐབས་དེར་རྡོ་རྗེ་གླིང་བོད་པ་མང་པོ་ཡོད་པ་དང་། ཁོ་ཚོས་རྒྱ་གར་ཚོང་བའི་ལག་ནས་རས་ཆ་དང་ཁབ་སྐུད་སོགས་ཉོས་ཏེ་རྒྱ་གར་གྲོང་གསེབ་ཁག་ཏུ་འཁྱེར་ནས་ཚོང་ལས་ཙག་ཙིག་གཉེར་གྱི་ཡོད་ཀྱང་། ཁོང་མ་སྨད་གཉིས་ཀྱིས་རྒྱ་གར་སྐད་ཤེས་ཀྱི་མེད་སྟབས་གནས་སྐབས་རིང་ཚོང་ལས་སོགས་གཉེར་མ་ཐུབ་པར་སློང་མོ་བྱས་ཏེ་འཚོ་བ་སྐྱེལ་ཐབས་བྱས་ཡོད་པ་དང་། ལོ་དེའི་དགུན་ཁ་ལྡི་ལི་ནས་བལ་གོས་ཉོས་ཏེ་རྒྱ་གར་གྲོང་གསེབ་ཁག་ཏུ་བཙོང་བ་སོགས་བྱས་ཏེ་བཟའ་བཏུང་ལ་དཀའ་ངལ་མེད་པ་ཙམ་བྱུང་ཡོད་ཀྱང་། ཁོང་མོའི་ཨ་མ་ལགས་ཀྱིས་ནམ་རྒྱུན་“ཕ་ཡུལ་དུ་ཁྱེད་ལ་ཨ་ཁུ་དང་ཨ་ཞང་། ཨ་ནེ་སོགས་གཉེན་ཉེ་མང་པོ་ཡོད་ལ།འུ་ཚང་ལ་ཁང་པ་དང་རྒྱུ་ནོར་སོགས་ཚང་མ་ཡོད་པ་རེད། ཕ་ཡུལ་དུ་ལོག་ཐུབ་ན་འདི་ལྟར་སྡུག་པོ་མྱོང་དགོས་པ་མ་རེད”ཅེས་ཡང་ཡང་བཤད་སྟབས།ལོ་གཅིག་ཙམ་རྗེས་ལམ་གྲོགས་བཙལ་ཏེ། ཡང་བསྐྱར་གངས་རིན་པོ་ཆེ་བསྐོར་ནས་ཕ་ཡུལ་དུ་ལོག་རྩིས་བྱས་ཡོད་ཀྱང་། སྐབས་དེར་སྔོན་ཆད་ཀྱི་ཚོང་ར་ཆེན་པོ་དེར་རྒྱ་དམག་གིས་ཁེངས་ཡོད་པ་མ་ཟད། གནས་མཇལ་བ་ཚང་མར་སྔོག་བཤེར་དང་གངས་རིན་པོ་ཆེར་འགྲོ་བའི་ལམ་ཡིག་ཡོད་མེད་སོགས་འདྲི་རྩད་བྱས་སྟབས། གནས་མཇལ་བ་ཚོ་ཧང་སང་སྟེ་ “ང་ཚོ་ས་ཆ་འདིའི་མི་ཡིན། ས་ཆ་འདི་ང་ཚོའི་སྐྱེས་ས་སྐྱེས་ཡུལ་ཡིན།ཁྱེད་ཚོ་གང་ནས་ཡོང་བ་ཡིན། ཁྱེད་ཚོ་ས་འདིར་ཡོང་རྒྱུར་ལམ་ཡིག་ཡོད་དམ” ཞེས་ལོ་ཙཱ་བ་བརྒྱུད་དེ་ཁ་རྩོད་མང་པོ་བརྒྱབ་ཡོད་པ་དང་། མཐར་གངས་རིན་པོ་ཆེ་བསྐོར་དུ་བཅུག་ཡོད་ཀྱང་བོད་དུ་འགྲོ་མ་ཐུབ་པར་ཕྱིར་ལོག་དགོས་བྱུང་ཡོད་འདུག

དེ་ནས་མ་སྨད་གཉིས་ཀྱིས་མཚམས་རེར་སློང་མོ་བརྒྱབ་པ་དང་མཚམས་རེར་ཁབ་སྐུད་སོགས་ཅ་དངོས་ཙག་ཙིག་གི་བར་ཁེ་བཙལ་ནས་ལོ་ཤས་བསྡད་རྗེས། ཐེངས་གསུམ་པར་གངས་རིན་པོ་ཆེ་བསྐོར་ནས་བོད་དུ་འགྲོ་རྒྱུའི་སྟ་གོན་བྱས་ཡོད་ཀྱང་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁན(Uttarakhand)མངའ་སྡེའི་ཨཱ་རུ་མུ་ར་ཟེར་བའི་ས་གནས་སུ་བསླེབས་སྐབས། ཨ་མ་ལགས་སུ་གྲོད་ཁོག་བཤལ་བའི་ནད་གཞི་ཞིག་ཕོག་སྟེ་ཡུན་རིང་ན་རྗེས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཉིན་དེ་ནས་བཟུང་ཨ་མ་རིན་ཆེན་སྒྲོལ་མ་གཅིག་པུ་ལྷག་ཡོད་འདུགཕ་མ་གཉིས་སྔ་ཕྱིར་འདས་རྗེས་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཕ་ཡུལ་བོད་དུ་ལོག་རྒྱུའི་རེ་ཐག་ཆད་དེ་ཕྱིར་རྡོ་རྗེ་གླིང་དུ་ལོག་ནས་ལམ་བཟོ་དང་ཁུར་གླ་ལེན་པ། བལ་གོས་བཙོང་བ་སོགས་བྱས་རང་ཁ་རང་གསོ་བྱས་ཡོད་པ་དང་། ཕྱིས་སུ་སྐྱེས་པ་ཞིག་དང་མཉམ་དུ་བསྡད་དེ་ཕྲུ་གུ་གཉིས་སྐྱེས་ཡོད་ཀྱང་འཚོ་བའི་གནས་སྟངས་སོགས་ཀྱི་དབང་གིས་གྲོངས་ཡོད་པ་མ་ཟད། ཁོང་མོ་ཡང་བཤག་བཅོས་བྱས་ཏེ་སྨན་ཁང་དུ་ཡུན་རིང་ལྷག་ཡོད་སྟབས་ཁྱོ་གས་ཁོང་མོར་བདག་པོ་མ་བརྒྱབ་པར་གཡུགས་ཡོད་འདུག

དེའི་རྗེས་ཁོང་མོ་རང་ལོ་ ༢༥ ཙམ་ཡིན་སྐབས་མོའི་གྲོགས་ངོ་ཤེས་གྲོགས་པོ་ཚོས་སླར་ཡང་། བྱིས་པ་ ༢ གྱི་ཕ་རྒན་ལོ་༥༠ ཅན་ཞིག་དང་ངོ་སྤྲོད་ཀྱིས་ཕན་ཚུན་ལ་ཁྲེལ་མེད་མི་བྱེད་པའི་དཔང་མི་བཞག་སྟེ་གཉེན་སྒྲིག་བྱེད་དུ་བཅུག་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་སིམ་ལ་རུ་བལ་གོས་སོགས་ཅ་དངོས་སྣ་ཚོགས་ཀྱི་ཚོང་ལས་གཉེར་ཏེ་ལོ་ཤས་བསྡད་རྗེས་དྷ་རམ་ས་ལར་གནས་སྤོ་བྱས་ཡོད་པ་དང་། སྔ་གཞུག་ཏུ་ཁོང་གཉིས་ལ་བྱིས་པ་ ༧ ཙམ་སྐྱེས་ཡོད་ཀྱང་ ༤ གྲོངས་ཡོད་པ་དང་། བུ་མོ་ཆུང་བ་ཟླ་༦ཙམ་ཡིན་སྐབས་ཁྱོ་ག་ལ་གྲུབ་གཅོང་གི་ན་ཚ་ཞིག་ཕོག་སྟེ་ལོ་ ༡༢རིང་ཉལ་སར་ལྷུང་རྗེས་འདས་གྲོངས་སུ་ཕྱིན་ཡོད་འདུག ཨ་མ་རིན་ཆེན་སྒྲོལ་མའི་ཁྱོ་ག་འདས་གྲོངས་སུ་ཕྱིན་རྗེས་བུ་མོ་ ༢ དང་བུ་ ༡ བཅས་ཁོང་མ་བུ་གསུམ་ཤུལ་དུ་ལྷག་ཡོད་པ་དང་། སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་སྐྱོ་བོ་ཡིན་ནའང་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་བུ་མོ་གཉིས་བོད་ཁྱིམ་སློབ་གྲྭར་བཅུག་པ་དང་། བུ་གཅིག་པུ་རྒྱ་གར་ལྷོ་ཕྱོགས་གདན་སར་གྲྭ་བ་བྱས་ཏེ། ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་ངྷ་སའི་མཛད་སྒོ་རིགས་དང་ཚོགས་འདུ་སོགས་སུ་ཕོར་བ་འཁྲུད་པ་སོགས་ཞོར་ལས་ཙག་ཙིག་བྱས་ཏེ་འཚོ་བ་འཁྱོལ་ཐབས་བྱས་ཡོད་འདུགཕྱིས་སུ་ཁོང་མོའི་བུ་གདན་ས་ནས་མ་བསྡད་པར་ཁེ་ན་ཌར་ཕྱིན་ཡོད་པ་དང་། ལོ་ཤས་རྗེས་ཕྱིར་རྒྱ་གར་ངྷ་རམ་ས་ལར་ལོག་སྟེ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ལ་ཁང་པ་གསུམ་ཐོག་ཅིག་བརྒྱབ་ཡོད་འདུག ཉིན་དེ་ནས་བཟུང་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱི་དཀའ་སྡུག་གི་མི་ཚེའི་མཇུག་རྫོགས་ཤིང་དབུལ་ཕོངས་ཀྱི་འཚོ་བ་མཐའ་ཟད་དེ། བདེ་སྐྱིད་དང་དྲོད་འཁོལ་ལྡན་པའི་ཁྱིམ་གཞིས་ཤིག་གི་མགོ་བཙུགས་ཤིང་། ཁོང་མོ་སྐོར་བར་འགྲོ་ཞོར་དང་མ་ཎི་བགྲང་ཞོར་དུ་གསལ་བྱེད་སུམ་ཅུར་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཀྱང་གཞི་ནས་རག་ཡོད།

ངེད་གཉིས་ཀྱིས་ཨ་མ་རིན་ཆེན་སྒྲོལ་མའི་ལོ་རྒྱུས་སྐོར་ལ་གླེང་མོལ་བྱས་ཚར་རྗེས། ཁོང་མོར་ད་ལྟ་རང་ལོ་ ༦༨ ཙམ་ཟིན་རྗེས་གཞི་ནས་སློབ་སྦྱོང་བྱེད་དོན་གང་ཡིན་དྲིས་པར་ཁོང་མོས། “ཁྱོ་ག་སྔོན་མས་ང་གཡུགས་ནས་ཕྱིན་སྐབས་ང་ལོ་ ༢༥ ཙམ་རེད། བོད་ཁྱིམ་སློབ་གྲྭར་ཚུད་ཨེ་ཐུབ་སྙམ་པའི་རེ་འདོད་ཆེན་པོ་ཡོད་ཀྱང་གོ་སྐབས་རག་མ་སོང་། ང་ལོ་ ༦༨ ཙམ་ཡིན་སྐབས་གཞི་ནས་ང་ལྷོད་ལྷོད་ཅིག་ཆགས་ཏེ། གསལ་བྱེད་སུམ་ཅུ་ཡོད་པའི་དེབ་ཆུང་ཞིག་ཉོས་ནས་སྐོར་བར་འགྲོ་སྐབས་ཡི་གེ་ཤེས་མཁན་ཚོར་ཡིག་འབྲུ་རེ་རེ་བཞིན་དྲིས་ནས་སྦྱངས་པ་ཡིན། སྐབས་དེར་རྒན་པ་འགའ་རེས་རྒན་འཁོགས་ཤིག་གིས་མ་ཎི་མི་བགྲང་བར་ཡི་གེ་སྦྱངས་ནས་ག་རེ་བྱེད་དགོས་པ་རེད་ཟེར་མཁན་འདུགཡིན་ནའང་ང་ཁྱོན་ནས་སེམས་ཕམ་གྱི་མི་འདུགངས་ཁོ་ཚོར་ང་མ་ཤི་བར་ག་ཚོད་ཤེས་ཐུབ་ཐུབ་ཅིག་སྦྱོང་རྒྱུ་ཡིན་ཞེས་ལབ་པ་ཡིན” ཞེས་སྤོབས་པས་ཐོག་ནས་རྗོད་བཞིན་རྒྱབ་ཁུག་དམར་པོ་ཞིག་གི་ཁ་ཕྱེས་ཏེ་འགྱིག་ཤོག་གིས་བཏུམས་ཡོད་པའི་༼བོད་ཡིག་རྨོངས་སེལ་སློབ་དེབ༽ཅེས་པའི་དེབ་ཆུང་ཞིག་བླངས་ཏེ། ཁྱེད་ཀྱིས་ནོར་གྱི་ཡོད་མེད་ལྟོས་ཨཱ་ཟེར་ནས་ཡིག་འབྲུ་རེ་རེ་བཞིན་བཀླགས་སོང་ལ། ད་དུང་ཁོང་མོས་བྲིས་པའི་ཡི་གེ་ཞིག་ཀྱང་བསྟན་སོང་།

ཁོང་མོ་དྷ་སའི་ལས་འགུལ་རིགས་ཚང་མའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་སྐོར་བརྗོད་དོན། “བོད་ནང་གི་བོད་མི་ཚོར་བདེ་སྡུག་གང་ཡང་ཞུ་ས་མེད་པར་སྐད་ཅིག་བརྒྱབ་ནའང་ཚེ་སྲོག་ཤོར་འགྲོ་གི་ཡོད་པ་དེ་ཤ་ཚ་བ་ཞིག་མ་རེད་དམ།ང་རང་གི་མི་ཚེའི་ནང་དཀའ་སྡུག་མང་པོ་བྱུང་མྱངས་མྱོང་ཡང་སེམས་པ་སྐྱོ་ནས་མིག་ཆུ་ཤོར་བ་དྲན་གྱི་མི་འདུགབོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་གོ་ཡོང་དུས་ངུ་ཤོར་འགྲོ་གི་འདུགངས་ཆེན་པོ་ཞིག་སྒྲུབ་ཐུབ་ཀྱི་མི་འདུག་ཀྱང་ལས་འགུལ་ཆེ་ཆུང་ཚང་མར་གང་ཐུབ་ཀྱིས་ཞུགས་པ་ཡིན། ཡིན་ནའང་། དེས་ཚོ་བོད་གཞུང་ལ་ཐུགས་ཕན་གསོ་པ་ཞིག་ཡོང་མེད་ཀྱང་། སོ་སོའི་སེམས་ནས་ཕན་ཐོགས་ཕྲན་བུ་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དེས་ན་གློག་ཀླད་ཀྱི་ཁྱད་པར་ཞིག་གིས་ཡིན་ནམ་གསལ་པོ་མ་ཤེས། ང་ཚོ་ཚང་མ་ལ་དྲི་རྟགས་དེ་ཤར་གྱི་འདུག ཁྱེད་ཀྱིས་ submit དེར་བསྣུན་ན་མཆན་བུ་གཏོང་ཐུབ་ཀྱི་མི་འདུག་གམ། ད་ལྟ་ནི་ཁ་བརྡའི་འགྱུར་བ་སྐོར་ཞིག་བཟོ་བཅོས་བྱེད་ཀྱིན་ཡོད་སྟབས། དེ་མ་ཚར་བར་དུ་ང་ཚོར་ཐབས་ལམ་གཞན་མི་འདུག ཁྱེད་ཀྱིས་ཡང་བསྐྱར་ཚོད་ལྟ་ཞིག་གནང་རོགས། ཐུགས་རྗེ་ཆེ།
    ཁ་བརྡས།

    Reply
  2. བསྟན་འཛིན་ཆོས་སྐྱིད། says:
    ལོ་ 13 སྔོན།

    ངས་ཨ་མ་རིན་ཆེན་སྒྲོལ་མ་ལགས་མཐོང་སྟེ་ལོ་ ༢༠ ་ལྷག་ཕྱིན་སོང་། མོ་རང་གི་འདས་པའི་དཀའ་སྡུག་གི་ལོ་རྒྱུས་དེ་དག་ཤེས་ཀྱི་མེད། ཧ་ཅང་ཡིད་འགུལ་ཐེབས་པ་ཞིག་རེད། ངས་ཐོག་མ་མོ་རང་རྡ་རམ་ས་ལའི་སྐད་འབོད་ལས་འགུལ་ལས་མཐོང་བ་ཡིན། ང་རང་གི་བག་ཆགས་ཟབ་ཤོས་དེ་ཡང་ཁོང་མོས་མི་མང་གི་མདུན་དུ་ཐོན་ཏེ་སྐད་འབོད་རྒྱག་གི་ཡོད་པ་དེ་རེད། ལྷག་པར་དུ་༨༠༠༨་ལོར་བོད་ནང་ཡར་ལངས་བྱུང་སྐབས་རྡ་རམ་ས་ལས་ནས་གཞུང་དམངས་ཡོངས་ཀྱིས་ལས་འགུལ་སྤེལ་སྐབས་ཉིན་རྟག་པར་མོ་རང་ལས་འགུལ་ནང་ཞུགས་གི་ཡོད་པ་དང་། གསར་འགོད་པ་མང་པོ་ཡོད་སར་ཕྱིན་ཏེ་མིག་ཆུ་འདོན་བཞིན་སྐད་འབོད་རྒྱག་གི་ཡོད་པ་ཐེངས་མང་པོར་མཐོང་སོང་། སྐབས་དེར་གཟའ་ལྷག་པ་འཆར་ཅན་ལྟར་རྡ་རམ་ས་ལར་མར་མེ་ཁྲོམ་སྐོར་ཡོད་པ་རེད། མོ་ཆད་མེད་དུ་མར་མེ་ཁྲོམ་སྐོར་ནང་མཉམ་ཞུགས་གནང་གི་ཡོད་པ་མཐོང་སོང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཀརྡོ་གཉེར་ཕྱག་པ། ཞེས་ང་ཀརྨ་རྡོ་རྗེ་ཁ་བརྡར་འབྲི་ས་མེད་པ་བཟོས་འདུག་པ་ལ། ཁ་བརྡའི་དྲ་བདག་ཚོས་གསལ་བཤད་ཅིག་གནང་རོགས་གནོངས་དང་། ཁ་བརྡ་ལགས།། །།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ སྐབས་དེར་སྔོན་ཆད་ཀྱི་ཚོང་ར་ཆེན་པོ་དེར་རྒྱ་དམག་གིས་ཁེངས་ཡོད་པ་མ་ཟད། གནས་མཇལ་བ་ཚང་མར་སྔོག་བཤེར་དང་གངས་རིན་པོ་ཆེར་འགྲོ་བའི་ལམ་ཡིག་ཡོད་མེད་སོགས་འདྲི་རྩད་བྱས་སྟབས།
    གནས་མཇལ་བ་ཚོ་ཧང་སང་སྟེ་ “ང་ཚོ་ས་ཆ་འདིའི་མི་ཡིན། ས་ཆ་འདི་ང་ཚོའི་སྐྱེས་ས་སྐྱེས་ཡུལ་ཡིན།ཁྱེད་ཚོ་གང་ནས་ཡོང་བ་ཡིན། ཁྱེད་ཚོ་ས་འདིར་ཡོང་རྒྱུར་ལམ་ཡིག་ཡོད་དམ” ཞེས་ལོ་ཙཱ་བ་བརྒྱུད་དེ་ཁ་རྩོད་མང་པོ་བརྒྱབ་ཡོད་པ་དང་། མཐར་གངས་རིན་པོ་ཆེ་བསྐོར་དུ་བཅུག་ཡོད་ཀྱང་བོད་དུ་འགྲོ་མ་ཐུབ་པར་ཕྱིར་ལོག་དགོས་བྱུང་ཡོད་འདུག ་་་་་་ཟེར།

    Reply
  5. མཉམ་ཞུགས says:
    ལོ་ 13 སྔོན།

    ཨ་མ་རིན་ཆེན་སྒྲོལ་མའི་མི་ཚེ་ལོ་རྒྱུས་འདི་ངེས་བར་ང་ཚོ་བོད་མི་ཚོས་ཤེས་དགོས་བར་མ་ཟད་ཁོང་གི་སེམས་ཤུགས་དང་གངས་ཅན་པར་བཅིངས་པའི་བརྩེ་སེམས་ལ་ང་ཚོས་བསམ་བློ་གཏོང་དགོས་པར་སེམས།ཁོང་གིས་”ང་རང་གི་མི་ཚེའི་ནང་དཀའ་སྡུག་མང་པོ་བྱུང་མྱོང་ཡང་སེམས་པ་སྐྱོ་ནས་མིག་ཆུ་ཤོར་བ་དྲན་གྱི་མི་འདུགབོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་གོ་ཡོང་དུས་ངུ་ཤོར་འགྲོ་གི་འདུག”ཞེས་གསུངས་པ་དེ་ཁ་ཞེ་གཉིས་མེད་ཡིན་པ་ནི་ཨ་མ་རིན་ཆེན་སྒྲོལ་མ་ཁོང་གིས་ལག་ལེན་གྱིས་ཐོག་ནས་ང་ཚོ་ལ་ངོ་སྤྲོད་གསལ་བོ་བྱས་ཡོད།ང་ཚོ་བཙན་བྱོལ་བ་སྤྱི་དང་ལྷག་པར་ཁ་ཡར་གྲགས་ལ་གཞི་ལུས་བོད་མི་སྐྱིད་སྡུག་དང་ཁ་མར་གྲགས་ལ་གཞི་ལུས་བོད་མི་རྣམས་གཉེན་ཕྲང་གི་གནས་སྟངས་སྐོར་གླེང་ཏེ་སྡོད་མཁན་རྣམས་ཀྱི་ལྷག་པར་དུ་བསམ་བློ་གཏོང་དགོས་པའི་གནད་འགག་ཅིག་རེད་འདུག།ཞོར་ལ་ཨ་མ་རིན་ཆེན་སྒྲོལ་མ་དང་གསར་འགོད་པ་པདྨ་མཚོ་ལ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ད་དུང་འདྲའི་རིགས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese