ཁ་སང་ཕྱི་དྲོར་པཱ་ཀི་སི་ཐཱན་གྱི་ལྷོ་ནུབ་ཁུལ་བྷ་ལོ་ཆི་སི་ཐཱན་མངའ་སྡེའི་ནང་ས་ཡོམ་ཤུགས་ཚད་རིམ་པ་༧.༧ ཅན་ཞིག་བརྒྱབ་སྟེ་ཉུང་མཐར་མི་གྲངས་ ༢༠༨ རྐྱེན་འདས་སུ་གྱུར་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོར། པཱ་ཀི་སི་ཐཱན་གྱི་ལྷོ་ནུབ་ཁུལ་གྱི་མི་འབོར་ཆེས་མང་བའི་མངའ་སྡེ་བྷ་ལོ་ཆི་སི་ཐཱན་ (Balochistan) ཀྱི་རྫོང་ཨཱ་ཝཱ་རན་(Awaran)དང་གྲོང་བརྡལ་ (Khuzdar)གྱི་ནང་། ས་ཡོམ་ཤུགས་ཚད་རིམ་པ་ ༧.༧ ཅན་ཞིག་བརྒྱབ་སྟེ། རྫོང་ཁུལ་གྱི་ཁང་པ་བརྒྱ་ཆ་ ༩༠ ཡས་མས་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ཉུང་མཐར་མི་གྲངས་ ༢༠༨ རྐྱེན་འདས་དང་མི་ ༣༤༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ད་ལྟའི་ཆར་མི་མང་ལ་སྡོད་ཁང་དང་བཟའ་བཏུང་སོགས་ཀྱི་ཐད་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་འདུག
བྷ་ལོ་ཆི་སི་ཐཱན་མངའ་སྡེ་སྲིད་གཞུང་གི་མགྲིན་ཚབ་པ་ཇན་བྷོའུ་ལི་ཌི་ལགས་ཀྱིས། ད་ལྟའི་ཆར་ཉུང་མཐར་མི་གྲངས་ ༢༠༨ རྐྱེན་འདས་སུ་གྱུར་བ་ཤེས་རྟོགས་བྱུང་སོང་ལ། མི་གྲངས་རྐྱེན་འདས་ཀྱི་གྲངས་འབོར་མུ་མཐུད་དུ་འཕར་སྲིད་ལ། ས་གནས་སྨན་ཁང་ནང་མ་ཤོང་བ་སོགས་རྨས་མར་སྨན་བཅོས་བྱེད་པར་དཀའ་ངལ་ཆེན་པོ་ཡོད་སྟབས། རྨས་མ་ཚབས་ཆེན་རྣམས་པཱ་ཀི་སི་ཐཱན་གྱི་གྲོང་ཁྱེར་ཆེ་ཤོས་ཀཱ་རཱ་ཆི་ལ་སྐྱེལ་བཞིན་ཡོད་པ་དང་། གཞན་རྣམས་ཉེ་འགྲམ་གྱི་རྫོང་ཁག་ཏུ་ཐད་འཕུར་གནམ་གྲུ་བརྒྱུད་སྨན་བཅོས་བྱེད་པར་སྐྱེལ་བཞིན་ཡོད་སྐོར་སོགས་བརྗོད་འདུག
གྷོ་ཌར་གྲོང་ཁྱེར་ཉེན་རྟོག་ཁང་གི་མགོ་ཁྲིད་ཕིར་ཝི་ཟི་ཡོམ་རཱ་ནའི་ཡིས། ས་ཡོམ་ཤུགས་ཆེན་བྱུང་རྐྱེན་གྷོ་ཌར་གྲོང་ཁྱེར་ཉེ་འཁྲིས་ནས་ས་གས་སྐྱོན་བྱུང་སྟེ་གླིང་ཕྲན་ཆུང་ཆུང་ཞིག་ལོགས་སུ་ཐོན་ཡོད་པ་དང་། གླིང་ཕྲན་དེའི་ཞེང་ལ་རྨིའུ་ ༡༠༠ དང་དཔངས་ལ་རྨིའུ་ ༩ ཡོད་ལུགས་བརྗོད་འདུག
གསར་འགོད་པ། པདྨ་མཚོ།