རྒྱ་གཞུང་གིས་བོད་མདོ་སྨད་གཅན་ཚར་རྒྱ་དར་བསྒྲེངས་དགོས་པའི་བཙན་བཀའ་བཏང་སྟེ། ས་གནས་མི་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་འདུག
གྲྭ་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༡༣ ཉིན་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཚོ་དྲུག་ཞང་མཚོ་རྒན་སྡེ་བའི་ནང་། སྡེ་བའི་ཧྲུའུ་ཅུ་དང་མགོ་གཙོ་ཁག་ཅིག་གིས་རྒྱ་ནག་གཞུང་ཕྱོགས་ཀྱི་མགོ་ཁྲིད་ཁག་ཅིག་ལྟ་སྐོར་དུ་ཡོང་གི་ཡོད་ཚུལ་བཤད་དེ། མི་མང་ལ་ཁང་པའི་ཡང་སྟེང་དང་སྒོ་འགྲམ་སོགས་སུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱས་ཏེ། ཏང་ལ་བློ་དཀར་བ་དང་ཏང་གི་བྱེད་ཕྱོགས་ལ་རྒྱབ་སྐྱོར་རྣམ་པ་སྟོན་དགོས་པའི་བཙན་བཀའ་བཏང་སྟབས། ས་གནས་མི་མང་གི་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག
ཉེ་ལམ་ས་གནས་ཀྱི་ཁྱིམ་ཚང་ ༣༠༠ ལྷག་ལས་ཁྱིམ་ཚང་ ༡༥ ཁང་པའི་ཡང་སྟེང་དང་སྒོ་འགྲམ་སོགས་སུ་རྒྱ་ནག་གི་རྒྱ་དར་བསྒྲེངས་འཛུགས་བྱས་ཡོད་པ་ལས། ཁྱིམ་ཚང་མང་ཆེ་བས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་རྒྱལ་དར་བསྒྲེངས་མེད་པ་མ་ཟད། ཁག་ཅིག་གིས་སྲོག་ཉེན་ལ་ཐུག་ཀྱང་རྒྱལ་དར་བསྒྲེངས་འཛུགས་བྱ་རྒྱུ་མིན་ཞེས་བརྗོད་ཡོད་འདུག
འབྲེལ་ཡོད་མི་སྣས་བརྗོད་པ་ལྟར་ན། ཐེངས་འདིའི་གནས་ཚུལ་དེ་ནི་རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣ་ཁག་ཅིག་གཅན་ཚན་མཚོ་དྲུག་ཞང་དུ་ལྟ་སྐོར་དུ་ཡོང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། མཚོ་རྒན་སྡེ་བའི་ཧྲུའུ་ཅུ་བསོད་ནམས་རྒྱལ་གཙོས་པའི་མགོ་ཁྲིད་ཁག་ཅིག་གིས། རྒྱ་ནག་གི་མགོ་ཁྲིད་ཚོར་ཕེབས་བསུ་བྱ་ཆེད་དང་མགོ་ཁྲིད་ཚོར་ཏང་གི་ལས་དོན་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་ཆེད་མི་མང་ལ་བཙན་བཀའ་བཏང་སྟེ་རྒྱ་དར་བསྒྲེངས་འཛུགས་བྱེད་བཅུག་པ་ཞིག་ཡིན་འདུག
གསར་འགོད་པ། དོན་གོ
ངས་བསམ་ན་འདི་”མཚོ་རྒན་ཁུག་”ཟེར་བ་དེ་མིན་ནམ་སྙམ། ས་དེ་ནི་གཅན་ཚ་རྫོང་གི་བྱང་ཕྱོགས་སུ་ཡོད་པའི་རྨ་ཆུའི་འགྲམ་རྒྱུད་ཡིན་ཞིང་། མཚོ་དྲུག་ཞང་གི་སྡེ་བདུན་བརྒྱད་ཅིག་ས་གནས་དེར་གནས་སྤོར་གྱིས་གྲོང་བརྡལ་གཅིག་ཏུ་བཟོས་ཡོད་པ་རེད། གལ་སྲིད་དེ་ཡིན་ཚེ་”མཚོ་རྒན་ཁུག་”ཟེར་བ་རེད། གཞན་”མཚོ་རྒན་”ཟེར་བ་ཞིག་གཅན་ཚ་རྫོང་ནའང་མེད་སྙམ།
གསར་འགོད་པ་དོན་གི་ལགས། ང་གཅན་ཚ་རྫོང་མཚོ་དྲུག་ཞང་གི་མི་རེད། མཚོ་དྲུག་ཞང་དུ་”མཚོ་རྒན་” ཟེར་བའི་སྡེ་བ་ཞིག་དེ་སྔོན་མེད། ང་རྒྱ་ལ་ཡོང་བའི་རྗེས་ཀྱི་སྡེ་བ་གསར་པ་ཞིག་ཡིན་ན་གང་ཤེས། དེ་མིན་མཚོ་དྲུག་ཞང་གི་ཁོངས་གཏོགས་ལ་སྡེ་མིང་དེ་འདྲ་ཞིག་གོ་མྱོང་མི་འདུག
གལ་སྲིད་སྡེ་མིང་ནོར་བ་ཡིན་ཚེ་གསར་འགྱུར་འདི་འདྲ་དཔེ་རེད། འཚབ་ཆེན་ཞིག་མ་རེད་དམ། རྒྱ་ནག་གིས་ཕྱི་སྡོད་བོད་མི་བོས་ནམ་རྒྱུན་གསར་འགྱུར་རྫུན་བཟོ་དང་བོད་ནང་གི་བོད་མི་ཚོར་རྒྱུ་སྐུལ་བྱས་ཚུལ་བསྒྲགས་དང་སྒྲོག་བཞིན་ལ། འདི་ཡང་གསར་འགྱུར་མ་དག་པ་ཞིག་ཆགས་སོང་བ་མིན་ནམ། ཡོང་ཁོངས་རྩད་གཅོད་གསལ་བོ་ཞིག་བྱ་རྒྱུ་ད་དུང་ལྷག་མི་འདུག་གམ་སྙམ། མི་ལ་སྐད་ཆ་འདྲི་ས་མི་རེག་ན་ཧོར་འཇིགས་ཀི་མདོ་སྨད་ལོ་རྒྱུས་ལ་གཟིགས་དང་དེར་སྡེ་མིང་མ་ནོར་བ་འགའ་རེ་རེག་གི་རེད། འོན་ཀྱང་དེར་ཡང་སྡེ་མིང་བ་རེ་གཉིས་ཡོད་འདུག་ན་གཙོ་བོ་ཡུལ་མོ་རེར་སྐད་ཆ་འདྲི་ས་རེག་ན་ཡག་ན་པ་ལ།