ཉེ་ལམ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་མཐོ་བའི་སློབ་ཕྲུག་ཚོ་དང་སློབ་གྲྭའི་འཛིན་སྐྱོང་གཉིས་བར་རྙོག་གྲ་ཞིག་བྱུང་པ་དེའི་ཐད། སློབ་ཕྲུག་དང་སློབ་གྲྭའི་འཛིན་སྐྱོང་གཉིས་ཚོགས་འདུ་ཚོགས་ཏེ་སློབ་ཕྲུག་ཚོའི་རེ་འདུན་དོན་ཚན་གསུམ་ལ་སློབ་གྲྭའི་འཛིན་སྐྱོང་གིས་ཁས་ལེན་གནང་སྟེ་རྙོག་གྲ་དེ་འགྲིག་འཇགས་བྱུང་ཡོད་འདུག
ཟླ་
ཚེས་
ཐེངས་འདིར་ངོ་རྒོལ་གོམ་བགྲོད་དུ་ཕྱིན་པའི་སློབ་ཕྲུག་ཅིག་གིས་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པར་ཁ་པར་བརྒྱུད་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་རྙོག་གྲ་དེ་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་གཏོང་བའི་ཉིན་མོ་དང་བསྟུན་ཏེ་བྱུང་བ་ཞིག་ཡིན་ཡང་། རྒྱུ་རྐྱེན་གཙོ་བོ་ཉིན་དེར་སློབ་ཕྲུག་ཚོས་སྒྲིག་ཆས་གྱོན་ཡོད་མེད་ཀྱི་གནད་དོན་ཙམ་མིན་པར། སློབ་ཕྲུག་དང་སློབ་གྲྭའི་འཛིན་སྐྱོང་གཉིས་བར་བསམ་ཚུལ་མི་མཐུན་པའི་དཀའ་ངལ་སྔོན་མ་ནས་ཡོད་པ་དང་། དེ་ནི་སློབ་ཕྲུག་རང་ངོས་ནས་བདམས་པའི་སློབ་ཕྲུག་ཚོགས་པ་མེད་སྟབས་སློབ་ཕྲུག་ཚོར་ཕྱོགས་མང་པོ་ཞིག་ནས་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་།
གོང་གསལ་སློབ་ཕྲུག་དེས་ངོ་སྤྲོད་གནང་དོན། “ དངོས་གནས་བྱས་ན་ད་རེབ་ཀྱི་རྙོག་གྲྭ་དེ་འཛིན་རིམ་ ༡༡ དང་ ༡༢ ཀྱི་ཐུགས་སྤྲོའི་ཉིན་སློབ་མ་ཚོས་སྒྲིག་ཆས་གྱོན་ཡོད་མེད་ཀྱི་རྙོག་གྲ་ཙམ་ཞིག་མ་རེད། སློབ་མ་ཚོས་ཐུགས་སྤྲོ་གཏོང་བའི་ཐོག་སྒྲིག་འཛུགས་ཚོགས་ཆུང་བསླེབས་སོང་། ནམ་རྒྱུན་མཐར་ཕྱིན་སློབ་མའི་སྤྲོ་སྐྱིད་ཐོག་སྒྲིག་འཛུགས་ཚོགས་ཆུང་ཡོང་གི་མ་རེད། དེ་ནས་སྤྱི་པའི་རྒན་བདག་ཡར་ལངས་ཏེ་སྤྲོ་སྐྱིད་གཏོང་སར་སྒྲིག་འཛུགས་ཚོགས་ཆུང་མ་ཕེབས་རོགས། སྤྲོ་སྐྱིད་སྐབས་གནས་ཚུལ་ག་རེ་བྱུང་ཡང་ངས་འགན་འཁུར་ཆོག་ཅེས་མིང་རྟགས་བཀོད་པ་རེད། དེ་ནས་སྒྲིག་འཛུགས་ཚོགས་ཆུང་གི་ཚོགས་གཙོ་རྒན་བཟང་པོ་ཐུབ་བསྟན་ལགས་ཀྱིས་རྒན་བདག་ཚོས་འགན་འཁུར་རྒྱུ་ཡིན་ན་ང་ཚོ་ཡོང་དགོས་པ་མི་འདུག་ཟེར་ནས་ཕྱིར་ལོག་སོང་། ཅུང་ཙམ་རྗེས་སྒྲིག་འཛུགས་ཚོགས་ཆུང་དང་སྐུ་ངོ་དྲུང་ཆེ་སོགས་ཕྱིར་ཡོང་སྟེ། སྐུ་ངོ་དྲུང་ཆེ་ལགས་ཀྱིས་སྤྲོ་སྐྱིད་ད་ལྟ་རང་མཚམས་འཇོག་བྱོས་གསུངས་སོང་། དེ་ནས་ང་ཚོ་སློབ་མ་ ༢༥༠ ལྷག་གིས་ང་ཚོར་དྲང་བདེན་དགོས་ཞེས་ངོ་རྒོལ་གོམ་བགྲོད་བྱས་ཏེ་རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་མགོར་ཞུ་གཏུག་བྱེད་དུ་ཕྱིན་པ་ཡིན། སྤྱིར་བཏང་ང་ཚོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད། ཕ་མ་ཚང་མ་བཀའ་དྲིན་ཆེན་པོ་ཡིན། ཡིན་ནའང་སློབ་གྲྭའི་འཛིན་སྐྱོང་བ་མི་རེ་ཟུང་གི་གནང་སྟངས་ལ་སློབ་མ་ཚོས་སྔོན་མ་ནས་སྣང་བར་འགྲོ་ཡི་ཡོད་པ་མ་རེད” ཅེས་བརྗོད་བྱུང་།
ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་བཀའ་འདྲི་ཞུས་པར་གནས་ཚུལ་དེ་ཕལ་ཆེར་ཐག་བཅད་ཟིན་ཡོད་སྐོར་བརྗོད་སྟབས། ཉིན་དེའི་ཕྱི་དྲོར་བསྐྱར་དུ་མ་སུ་རི་བོད་ཁྱིམ་དྲུང་ཆེའི་ལས་རོགས་དགེ་འདུན་རིན་ཆེན་ལགས་སུ་རྙོག་དྲ་དེ་འགྲིག་འཇགས་བྱུང་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས། “ དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ང་ཚོ་འཛིན་སྐྱོང་གིས་འཛིན་རིམ་ ༡༡ དང་ ༡༢ ཀྱི་སློབ་ཕྲུག་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་ཏེ་དོན་དག་ཕལ་ཆེར་གཙང་མ་ཆགས་སོང་། ཁོ་རང་ཚོའི་རེ་འདུན་དོན་ཚན་དང་པོ་ཉེས་པ་མ་གཏོང་ཟེར་བ་དེ་ངོས་ལེན་གནང་ཡོད་པ་རེད། དོན་ཚན་གཉིས་པ་སྤྲོ་སྐྱིད་ཡང་བསྐྱར་གཏོང་དགོས་ཟེར་བ་དེར་ང་ཚོ་གོ་བ་ཏོག་ཙམ་ལོག་འདུག ཁོ་ཚོས་ད་རེབ་ཀྱི་སྤྲོ་སྐྱིད་ཡང་བསྐྱར་གཏོང་དགོས་ཟེར་བ་མིན་པར། མ་འོངས་པར་མཐར་ཕྱིན་སྤྲོ་སྐྱིད་གཏོང་དུ་འཇུག་དགོས་ཟེར་གྱི་ཡོད་སྟབས། དེ་ཡང་ང་ཚོས་འགྲིག་གི་རེད་ལབ་ཡོད། གསུམ་པ། སློབ་ཕྲུག་ཚོགས་པ་གསར་འཛུགས་དགོས་ཟེར་བ་དེ་འགྲིག་གི་རེད། འོན་ཀྱང་། རྒན་བདག་དང་སློབ་ཕྲུག་ཚོགས་པ་ཟེར་བ་གཉིས་ཁ་ཁ་བཟོས་ཏེ། སློབ་ཕྲུག་ནང་ལོགས་ལ་ཚོགས་པ་གཉིས་ཆགས་ཏེ་ནང་ཁུལ་རྕོད་པ་བརྒྱབ་ན་མི་འགྲིག་སྟབས། གཅིག་གྱུར་ཞིག་ཡོང་བར་མ་འོངས་པར་སློབ་མའི་འཐུས་ཚབ་དང་ལས་བྱེད་ཀྱི་འཐུས་ཚབ་མཉམ་དུ་ཚོགས་ཏེ་སྒྲིག་གཞི་བཟོ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད། དེར་སློབ་མ་ཚང་མས་ལག་པ་བརྡབ་ནས་མོས་མཐུན་གནང་སོང་།”ཞེས་བརྗོད་སོང་།
ཉིན་དེའི་དགོང་མོར་གོང་གི་སློབ་ཕྲུག་དེས་ཡང་བསྐྱར་འབྲེལ་བ་བྱས་ཏེ་བརྗོད་དོན། “ཐེངས་འདིར་ཞི་བའི་གོམ་བགྲོད་བྱས་རྗེས་ང་ཚོས་རེ་འདུན་དོན་ཚན་གསུམ་བཏོན་ཡོད། དོན་ཚན་དང་པོའི་ནང་སློབ་མ་ཡོངས་དང་ཡང་ན་འཛིན་རིམ་ ༨ པ་ཡན་གྱི་སློབ་མ་རང་གི་ངོས་ནས་འོས་ཤོག་བླུགས་ཏེ་སློབ་ཕྲུག་ཚོགས་པ་བསྐྱར་འཛུགས་དགོས་ལབ་ཡོད། གཉིས་པ། ད་རེབ་ང་ཚོའི་སྐབས་ནས་མཐར་ཕྱིན་སློབ་མའི་སྤྲོ་སྐྱིད་མེད་པ་བཟོས་ན་འགྲིག་གི་མེད་པར། མ་འོངས་པར་མུ་མཐུད་མཐར་ཕྱིན་སློབ་མའི་སྤྲོ་སྐྱིད་གཏོང་དུ་འཇུག་དགོས་པ་དེ་ཡིན། གསུམ་པ། གོམ་བགྲོད་དུ་སོང་བའི་སློབ་མ་ཚོར་ཉེས་པ་གང་ཡང་མི་གཏོང་བར་རྒྱུན་ལྡན་ལྟར་འཇོག་དགོས་པ་བཅས་ཡིན། ང་ཚོའི་རེ་འདུན་དེ་དག་སློབ་གྲྭའི་འཛིན་སྐྱོང་གིས་ཁས་ལེན་གནང་སོང་། ང་ཚོའི་རེ་བ་ཆེ་ཤོས་དེ་སློབ་ཕྲུག་རང་ངོས་ནས་བདམས་པའི་སློབ་ཕྲུག་ཚོགས་པ་ཞིག་དགོས་པ་དེ་ཡིན། དེ་སློབ་གྲྭའི་འཛིན་སྐྱོང་དང་སློབ་མའི་བར་བསམ་ཚུལ་བརྗེ་རེས་ཀྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་ཡོད་ན་ད་རེབ་ཀྱི་གནས་ཚུལ་འདི་ལྟ་བུ་ལྷག་གི་མ་རེད་བསམ་གྱི་འདུག” ཅེས་བརྗོད་སོང་།
གསར་འགོད་པ། པདྨ་མཚོ།
བཙན་བྱོལ་སྤྱི་ཚོགས་ནང་གཞུང་མིན་སྒེར་མིན་ཚོགས་པ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཚང་མ་སྒེར་དབང་འཛིན་པའི་རིང་ལུགས་ཤུགས་ཆེ་བས་སྟངས་འཛིན་བྱེད་མཁན་གཙོ་བོ་ཞིག་མེད། དེ་ཚོའི་ནང་མི་སྒེར་དང་དབང་ཤུགས་ཡོད་མཁན་མི་རེ་གཉིས་ཀྱིས་ཐལ་སྤྱོད་གང་བྱུང་བྱེད་ཀྱི་ཡོད་པ་རེད། དེའི་ནང་ནས་གཅིག་ནི་མ་སུ་རི་བོད་ཁྱིམ་རེད། དེའི་འཛིན་སྐྱོང་ལམ་སྲོལ་ནི་ཕྲུ་གུའི་སློབ་སྦྱོང་དང་བདེ་སྡུག་ལ་དོ་སྣང་ཆུང་ཞིང་ནང་ཁུལ་ཆབ་སྲིད་ཁྲབ་སྟོན་མང་ཞིང་ལས་བྱེད་ནང་ཁུལ་ཕྱོགས་གཏོགས་དང་ཤོག་ཁག་བར་འཐེན་འཁྱེར་དང་དྲག་གནོན་བྱེད་རེས་ཀྱི་དུས་འདའ་གི་ཡོད་པ་རེད། དེའི་ནང་དགེ་རྒན་ཤེས་ཚད་ཅན་ཚོར་མཐོང་ཆུང་གཏོང་བ་དང་སྤྲེལ་ལད་བ་ཚོར་གོ་ས་སྤར་བ་སོགས་འདྲ་མིན་རེད། དངོས་གནས་རེད། དེ་ལ་ཐབས་ཤེས་མེད། དེ་འདྲ་གནས་རྒྱུ་རེད། སློབ་གྲ་དེ་བོད་གཞུང་གིས་བདག་པོ་རྒྱག་དགོས་རེད། སྒེར་མིན་གཞུང་མིན་དེ་འདྲ་བཞག་ན་དཔེ་བསགས་ཡས་རང་རེད།
དེ་མིན་པའི་མི་རེ་གཉིས་ཀྱིས་གང་འདོད་ལྟར་བྱེད་པ་དང་གོང་རིམ་ནས་སྟངས་འཛིན་དང་ཐེ་བྱུས་བྱེད་མཁན་མེད་པའི་ཚོགས་པ་སྒེར་གྱི་མ་ཡིན་གཞུང་གི་མ་ཡིན་པ་དེ་འདྲ་མང་པོ་ཡོད་པ་རེད་།
ཆབ་བྲག་གིས་གསུངས་པ་ལྟར། ཤ་ཚའི་ཁ་ལ་གཏན་སྙན་མེད།། ཅེས་པའི་བོད་ཀྱི་ཁ་རྒྱུན་བཞིན། ངེད་ཚོས་ཁ་ཚ་བའི་གཏམ་དང་དྲི་བ་སོགས་མང་པོ་ཞིག་ཐལ་སོང་ན། དེ་དག་ནི་རྣ་ཚ་བའི་སྐད་ཅིག་ཏུ་འགྱུར་སྲིད་ཀྱང་དོན་དངོས་ནི་ཤ་ཚ་བའི་གཏམ་འབའ་ཞིག་ཡིན་པར་ཐུགས་ལ་འདོགས་རྒྱུ། ལར་ནས། སློབ་གྲྭའི་དབུ་ལས་རྣམ་པས། སློབ་གྲྭའི་ནང་ཇི་སྲིད་སྒེར་བཟུང་གི་རུལ་སུངས་གཏན་འགོག་མ་ཐུབ་པ་དེ་སྲིད་དུ་རུལ་དྲི་འཐུལ་བ་ནི་ཆོས་ཉིད་ཅིག་ཡིན་པས། དེའང་བརྗེད་མི་རུང་བ་དང་འདས་ཟིན་པའི་ལོ་རྒྱུས་ལས་ཤེས་རྟོགས་བྱུང་བ་ལྟར་ན་་་་་་་་་་་་་་་་་་
འདི་ལྟར་འགྲིག་སོང་ན་བཟང་གི
སེར་སྨད་བློ་དགའི་དོགས་འདྲི་གཅིག བསྟན་འཛིན་ཕུན་ཚོགས་བློ་ཕམ་གཉིས།
ཇོ་རུ་བ་ཡི་བསམ་འཆར་གསུམ། ཤ་ཚའི་འགན་འཁུར་སེམས་གཏམ་སྟེ།
འབྲེལ་ཡོད་རྣམ་པའི་ཐུགས་ལ་སྣོམས།
རང་ངོས་ནས་མྱི་སྡེ་སློབ་གསོ་ནི་ཀུན་གྱི་གཞི་རྩ་རུ་ནམ་རྒྱུན་བསམ་གྱིན་པའི་ཆ་ནས། ད་རེས་ཀྱི་གནད་དོན་ཆུང་ཆུང་འདི་དང་འབྲེལ་ནས་བསམ་ཚུལ་ཅིག་བརྗོད་འདོད་བྱུང་།
སློབ་གྲྭའི་སྒྲིག་འཛུགས་ཀྱི་ངོས་ནས་སློབ་ཕྲུག་ཚོ་དང་མཉམ་དུ་གྲོས་མོལ་གྱིས་གནད་དོན་གཞི་རྩ་བཙལ་ཏེ་གཙང་སེལ་ཐུབ་པའི་རེ་བ་ཡོད་ལ། འབྲེལ་ཡོད་ཤེས་རིག་ལས་ཁུངས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་། དེ་རེས་ཀྱི་གནད་དོན་ཆུང་ཆུང་འདི་ནི་འབྱུང་འགྱུར་སློབ་གྲྭ་ཁག་གི་སློབ་གསོ་ལས་དོན་འཐུས་ཚང་ཡར་རྒྱས་ཡོང་ཐབས་ལ་ཆུ་མ་ཡོང་གོང་གི་རགས་ལྟར་འབད་དགོས་པའི་ཉེན་བརྡ་ཞིག་ཏུ་ངོས་འཛིན་བྱས་ཐོག བཙན་བྱོལ་སློབ་གྲྭ་སྤྱི་ཡོངས་ལ་གནད་དོན་དང་ཆད་ལྷག་ག་རེ་འབྱུང་གི་ཡོད་མེད་བརྩད་གཅོད་ཀྱིས་ཕྱོགས་ཡོངས་ནས་ཡར་རྒྱས་འཐུས་ཚང་གཏོང་རྒྱུ་གལ་དུ་ཆེ།
སློབ་གྲྭ་ནི་མི་ཐོན་སྐྱེད་བྱེད་སའི་འགྲོ་བ་མི་སྡེ་འདིའི་བཟོ་གྲྭ་རྩ་ཆེ་ཤོས་དེ་ཡིན་ལ། དགེ་རྒན་ལས་བཟོ་བ་རྣམས་ནི་བཟོ་གྲྭའི་ཐོན་དངོས་ཀྱི་སྤུས་ཚད་ཡག་སྡུག་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་བཟོ་ལས་བ་དག་ཆགས་ཡོད། དེ་བརྟེན་ནས་སློབ་གྲྭ་ཁག་གི་ལས་དོན་སྣ་གཅིག་ཉམས་ཆག་འགྲོ་བ་ལས། བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁ་ཤས་སྒོ་རྒྱག་དགོས་བྱུང་བ་ཡིན་ནའང་། བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཕུགས་རྒྱང་གི་ཐད་ནས་སྐྱོན་ཆེན་པོ་ཐེབས་མི་སྲིད།
སློབ་གྲྭ་གཅིག་གི་ལས་དོན་འཐུས་ཤོར་ཕྱིན་ཚེ། མ་འོངས་པའི་མི་སྡེ་ཚོ་ཁག་ཅིག་ལད་སོང་བ་རེད། དེའི་བུ་རབས་ཚ་རྒྱུད་ཀྱང་ལད་སོང་བ་རེད། དེའི་ཤེས་རིག་དང་རྣམ་དཔྱོད་མཐའ་དག་ལད་སོང་བ་རེད། དེའི་སྤྱི་ཚོགས་ཁོར་ཡུག་ལད་སོང་བ་རེད། མཐའ་མ་རིགས་སྡེ་ཕྱོགས་ཡོངས་ནས་ལད་སོང་བ་རེད།
ངན་པ་གཅིག་ཡོད་ན་མང་ཚད་ཡིན། བཟང་བོ་བརྒྱ་ཡོད་ན་ཉུང་ཚད་ཡིན། ཞེས་པའི་གནའ་མི་བོད་ཀྱི་གཏམ་ལྟར། སློབ་གྲྭའི་དགེ་ལས་ངན་པ་གཅིག་གིས། སློབ་ཕྲུག་འཛིན་གྲྭ་གཅིག་འཕྲོ་བརླག་གཏོང་གི་རེད། སློབ་ཕྲུག་ངན་པ་འཛིན་གྲྭ་གཅིག་གིས་མ་འོངས་པར་དེ་ལས་ལྡབ་འགྱུར་གྱི་མི་སྡེ་སྐོར་ཅིག་འཕྲོ་བརླག་གཏོང་གི་རེད། མི་སྡེ་ངན་པ་སྐོར་དེས་མི་རིགས་སྤྱི་ཡོངས་འཕྲོ་བརླག་ལ་གཏོང་གི་རེད།
དེར་བརྟེན། སློབ་གྲྭའི་སློབ་གསོའི་ཁོར་ཡུག་ནད་མེད་ཅིག་བསྐྲུན་རྒྱུ་དང་། དགེ་ལས་ཚོགས་སྡེ་སྐྱོན་མེད་ཅིག་སྒྲིག་འཛུགས་བྱ་རྒྱུ་གནད་ཀྱི་དམ་པ་རེད། སློབ་ཕྲུག་རྣམས་སོ་སོའི་སློབ་གྲྭ་ལ་དགའ་ཞེན་དང་། དགེ་ལས་ལ་བརྩེ་འདང་ལྡན་པ། སོ་སོའི་མི་རིགས་ལ་དགའ་ཞེན་དང་། སོ་སོའི་མེས་པོའི་རྒྱལ་ཁབ་ལ་འགན་ལེན་ལྡན་པ་ཞིག་ཡོང་མིན་དེ། ཡང་དག་འཐུས་ཚང་གི་སློབ་གསོའི་མ་ལག་ལ་རག་ལས་ཡོད་པ་རེད་མ་གཏོགས། ཁྲིམས་ཀྱིས་གཅུན་པ་དང་བཙན་གྱིས་མནན་པ། དབང་གིས་དེད་ནས་ཡོང་ཐབས་ཡོད་པ་མ་རེད། དེ་ལྟར་ཡོང་ཐུབ་ཚེ་རྒྱ་དམར་གཞུང་གིས་གཞིས་ལས་བོད་མི་རྣམས་སྔ་ས་ནས། རྒྱ་གཞུང་ལ་དགའ་ཞེན་དང་དམར་ཤོག་ལ་དགའ་ཞེན་དུ་བསྒྱུར་ཚར་ཡོད་ངེས།
ལྷག་པར་དུ་ལག་ན་གོ་མཚོན་དང་རིམ་ན་རྒྱུ་འབྱོར་མེད་པར། རྡུལ་མཚོན་དང་རྒྱུ་འབྱོར་ཅན་གྱི་བཙན་དྲག་དབང་སྒྱུར་ལ་འཐབ་རྩོད་བྱེད་མཁན་བོད་མི་རིགས་དང་། ལྷག་པར་དུ་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བ་དག་ལ་མཚོན་ན། ང་ཚོའི་འཐབ་རྩོད་ཀྱི་མ་རྩ་དེ་ནི་ང་ཚོར་འདས་པའི་ལོ་རྒྱུས་ཀྱི་བདེན་པ་ཡོད་མེད་ཙམ་དང་། ང་ཚོའི་ད་ལྟའི་ཁ་སྟབས་སྐྱོ་བའི་གནས་སྟངས་ལ་གཞན་གྱི་སྙིང་རྗེ་ཐོབ་མིན་ཙམ་ལ་རག་ལས་མེད་པར། གཙོ་བོ་ང་ཚོ་བོད་མི་རིགས་ཞེས་པའི་མི་སྡེ་འདི་རྟོགས་སད་འབྱུང་ཐུབ་མིན་དང་། མི་རིགས་འདིར་རིག་གནས་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་བློ་མིག་རྒྱས་ཐུབ་མིན་ལ་ཐུག་ཡོད་པ་རེད།
ཚིག་བརྒྱ་མདོར་དྲིལ་ནས་བཤད་ན། འུ་ཅག་བཙན་བྱོལ་བ་རྣམས་ཀྱིས་མྱི་སྐྱོང་སློབ་གསོའི་ཐད་ནས་ཐོབ་ཆོག་ཆོག་གི་གོ་སྐབས་མང་པོ་ཞིག་འཐུས་ཤོར་བ་བཏང་ཡོད་ལ། མི་ལོ་དྲུག་ཅུ་འདས་པའི་དུས་དེ་རིང་ཡང་། འུ་ཅག་ད་དུང་དཔལ་འབྱོར་དང་རིག་གནས་གང་ཐད་ནས། རང་ཁ་རང་གསོ་ཙམ་ཡང་ཐུབ་དཀའ་བར་གཞན་རྟེན་གྱི་ངོ་བོར་མུ་མཐུད་གནས་ཡོད་པ་དེའང་། ང་ཚོའི་མྱི་སྐྱོང་སློབ་གསོར་ཕམ་ཉེས་བྱུང་བའི་མངོན་རྟགས་གསལ་ཤོས་དེ་ཡིན། སྤྱིར་མྱི་སོ་སོས་རང་སྟེང་ནས་ཁ་རྒྱབ་ལྟོ་གོས་ཙམ་འཚོལ་ཐུབ་རྒྱུ་དེ། མྱི་སྡེ་སློབ་གསོའི་ཆེས་དམའ་རིམ་གྱི་ཆ་རྐྱེན་ཙམ་རེད་མ་གཏོགས། མྱི་སྡེ་སློབ་གསོའི་འཚོལ་སྙེག་དང་ཕུགས་འདུན་མ་རེད།
རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དབང་སྒྱུར་མ་བྱས་པའི་སྔོན་ཏེ། ཕྱི་ལོ་ ༡༩༥༩ ལོའི་ཡར་ལ་བོད་ས་སྟོད་སྨད་བར་གསུམ་དུ་མང་ཚོགས་རང་བཞིན་གྱི་བོད་སྐད་ཡིག་གི་ཆུ་ཚད་དང་། མང་ཚོགས་རང་བཞིན་གྱི་སོ་སོའི་སྐད་ཡིག་རིག་གནས་ཀྱི་འདུ་ཤེས། མང་ཚོགས་རང་བཞིན་གྱི་རང་དབང་རང་སྐྱོང་གི་མི་རིགས་འདུ་ཤེས་བཅས་ཀྱི་གནས་བབས་ག་འདྲ་ཡོད་མེད་བཤད་མ་དགོས་པ་ཞིག་རེད་ལ། དེ་བཞིན། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས། བོད་པའི་དགོན་སྡེ་རིག་གནས་གཙོས་བོད་ཀྱི་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་ཚུད་ཆད་ལ་ག་ཚོད་ཅིག་རྩ་གཏོར་བཏང་བ་དེ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་། རྒྱ་གཞུང་གི་རིག་གནས་གསར་བརྗེ་ལས་འགུལ་མཇུག་སྒྲིལ་བའི་རྗེས་ཏེ། ཕྱི་ལོ་ ༡༩༨༠ ལོར་པཎ་ཆེན་རིན་པོ་མཆོག་གི་གོ་གནས་བསྐྱར་གསོ་དང་། ༡༩༨༢ ལོར་པཎ་ཆེན་རིན་པོ་མཆོག་བོད་ཁུལ་དུ་ཐོག་མར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ་ནས་བཟུང་། ༡༩༨༩ ལོར་རྒྱུ་གཞུང་གིས་ཁོང་སྐུ་བཀྲོངས་པའི་བར་ལོ་ ༡༠ ཙམ་གྱི་དུས་ཡུན་ནང། གཞིས་སྡོད་རྒྱ་ཆེ་བོད་རིགས་སྐྱ་སེར་མི་མང་མཐོ་དམའ་བར་གསུམ་གྱིས་རྡོག་རྩ་ཆིག་སྒྲིལ་ཐོག མི་རིགས་རང་ཉིད་ཀྱི་སྐད་ཡིག་རིག་གནས་ལ་འབད་བརྩོན་བླ་ལྷག་གནང་བའི་འབྲས་བུར། ད་ལྟ་བོད་ནང་བོད་རང་གི་རིག་གནས་པའི་དཔུང་སྡེ་ཞིག་ཚུགས་ཐུབ་ཡོད་པ་མ་ཟད། མི་རིགས་རང་ཉིད་ཀྱི་རྩོམ་རིག་དང་རིག་གནས་ཞིབ་འཇུག་གི་སྒྲོམ་གཞི་ཞིག་ཀྱང་གང་ལ་གང་འཚམས་ཀྱིས་ཆགས་ཐུབ་ཡོད་པ་རེད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་སྐུ་བཀྲོངས་པའི་རྗེས་ནས་བཟུང་། རྒྱ་གཞུང་གིས་བསྐྱར་དུ་བོད་རྩ་གཏོར་གྱི་སྲིད་ཇུས་འདྲ་མིན་དངོས་ཤུགས་བརྒྱུད་གསུམ་ལག་བསྟར་བྱས་པར་བརྟེན། ད་ལྟའི་ཆར་བོད་ནང་དུའང་ཐབས་ཟད་འུ་ཐུག་གི་ལམ་ནས་སྔར་བྱས་གྲུབ་འབྲས་རྣམས། རིམ་བཞིན་ཉམ་ཆག་ཏུ་འགྲོ་མགོ་ཚུགས་བཞིན་ཡོད།
ཡིན་ནའང་། ང་ཚོ་བཙན་བྱོལ་སྤྱི་ཚོགས་དང་བསྡུར་བ་ཡིན་ན། ད་ལྟའི་ཆ་ལའང་ཚན་རྩལ་དང་རྩོམ་རིག གསོ་རིག རིག་གནས་ཞིབ་འཇུག་སོགས་ཕྱོགས་གང་ཐད་ནས། སོ་སོའི་སྐད་ཡིག་རིག་གནས་རྒྱུན་འཛིན་གནས་སྟངས་ནི་ལྡབ་བརྒྱ་འགྱུར་གྱིས་ཡག་པོ་ཡོད། ཁྱད་པར་འདི་ནི་མྱི་སྡེ་སློབ་གསོ་ལ་གཙུག་འཛིན་བྱས་མ་བྱས་ཏེ། མྱི་སྡེ་སློབ་གསོའི་དམིགས་འབེན་དང་ཁ་ཕྱོགས་ནོར་མ་ནོར་ལས་བྱུང་བ་རེད། གཞིས་བཞུགས་བོད་མི་ཚོས་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་ཇུས་འོག་ནས། གོ་སྐབས་ཆུང་ཚེགས་རེ་ཡོད་པ་རྣམས་རང་ནུས་ཅི་ལྕོགས་ཀྱི་བརྩོན་ལེན་བྱས་ཏེ། འབྲས་བུ་འདི་འདྲ་ཞིག་བསྐྲུན་ཐུབ་ཀྱི་ཡོད་ན། ཆབ་སྲིད་ཀྱི་གནད་དོན་ནི་བཙན་བྱོལ་བའི་ཁ་ནང་ལ་འཕྲེད་དུ་བཟུང་ཡོད་པའི་གཞན་དབང་སྟབས་བསྟུན་ཡིན་པས་ཁག་མེད་ནའང་། མྱི་སྡེ་སློབ་གསོའི་ཐད་ཀྱི་འཐུས་ཤོར་ནི་གཞན་སུ་ལའང་ཁག་དཀྲི་སུ་ཡེ་ནས་མེད།
དེར་བརྟེན། ང་ཚོས་སྔ་ནས་ཆུ་མ་ཡོང་གོང་གི་རགས་ཞེས་པ་ལྟར། སོ་སོའི་འཐུས་ཤོར་དང་ནོར་འཁྲུལ་ངོས་ལེན་གྱི་ཐོག་ནས། སྐྱོན་སེལ་ལེགས་སྤེལ་གྱི་བྱ་བ་ཧུར་ལེན་མ་བྱས་ཚེ། ནམ་ཞིག་མྱི་སྡེ་ལོ་རྒྱུས་ཁྲོད་ང་ཚོ་ཟ་འདྲེ་འགོང་པོ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་དོ། །
སློབ་གྲྭའི་ནང་ཞི་འཇམ་བྱུང་བར་སྙིང་ནས་སྤྲོ་ལ། འདྲི་རྒྱུ་ཞིག་ལ། ཞི་འཇམ་ཆགས་ཟིན་པའི་རྗེས་སུ་སློབ་མའི་ངོ་རྒོལ་གྱི་གྲོས་སྣེ་དང་པོ་གཏོང་མཁན་དེ་སུ་ཡིན་སོགས་ཀྱི་སྐོར། ཁུ་སིམ་སིམ་གྱི་རྣམ་པའི་ཐོག་ནས་སློབ་མ་ཆུང་བ་ཚོར་ལྐོག་འདྲི་བྱེད་པའི་ལས་འགུལ་ཞིག་འགྲོ་བཞིན་པ་དང་། ལས་འཆར་དེའི་དྲི་བའི་ནང་། དང་པོ། སློབ་མའི་ངོ་རྒོལ་བྱེད་དགོས་ཟེར་མཁན་དང་པོ་དེ་སུ་ཡིན་ནམ། གཉིས་པ། བདེ་སྐྱིད་གླིང་གི་གཞིས་འགོ་དང་འབྲེལ་བ་བྱེད་མཁན་དེ་སུ་ཡིན། གསུམ་པ། སྒེར་བདག་གི་རྩ་བ་གཅོད་དགོས་ཟེར་མཁན་དེ་སུ་ཡིན། ཅེས་སོགས་ཀྱིས་ཞིབ་འཚོལ་བྱེད་བཞིན་པ་དང་། དེ་ལས་ཚབས་ཆེ་བ་ཞིག་ལ། གལ་ཏེ་གོང་ཞུའི་དྲི་བ་དེ་ཚོར་ལན་འདེབས་ཁུངས་ལྡན་བྱེད་ངེས་ཤིག་ཡོད་ན་དངུལ་གྱི་བརྔན་པ་སྤྲོད་ཀྱི་ཡིན། སློབ་མ་དེ་ཚོ་རྩིས་སྤྲོད་བྱ་ངེས་ལ་སློབ་གྲྭས་རྒྱབ་སྐྱོར་བྱེད་ངེས་ཡིན། ཞེས་པའི་སྐད་ཆ་ཞིག་འགྲོ་བཞིན་པ་ཡིན་ཚོད་འདུག གནས་ཚུལ་རྒྱུན་ལོན་པ་རེ་ཡོད་ཚེ་བརྒྱུད་ལམ་འདི་ནས་དེའི་སྐོར་གསལ་བཤད་ཅིག་གནང་རོགས་ཞུ།
དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་རྙོག་གྲ་ལ་འགན་མི་འཁུར་བའི་རྒྱུ་མཚན་ག་རེ་ཡིན་ནམ། གསར་འགོད་པས་བཀའ་འདྲི་ཞུས་ཀྱང་གནས་ཚུལ་དེ་འགྲིག་མཐུན་བྱུང་ཚར་ཡོད་མདོག་མདོག་བཤད་དེ་གཡོལ་ཐབས་བྱས་འདུག ང་མ་ཐབས་སྐྱོ་བ་རེད། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་གནས་ཚུལ་འདི་འདྲ་བྱུང་སྐབས་ཤེས་རིག་ལས་ཁུངས་ཀྱིས་ཡ་མེད་ལྟ་བུ་བྱས་ནས་འཇོག་དོན་ཁྱད་མཚར་རེད། ད་དུང་སྐྱག་རྫུན་བཤད་དེ་གསར་འགོད་པའི་སྔ་དྲོ་བཅར་འདྲི་ཞུས་སྐབས་གནས་ཚུལ་དེ་འགྲིག་མཐུན་བྱུང་ཚར་ཡོད་ཚུལ་བཤད་འདུག དོན་དངོས་ཐོག་ཉིན་རྒྱབ་ཆུ་ཚོད་གཉིས་པའི་རྗེས་ལ་ཚོགས་འདུ་བསྡུས་ཏེ་སློབ་ཕྲུག་ཚོ་དང་གྲོས་བསྡུར་བྱས་འདུག
གནས་ཚུལ་དེ་རྒྱ་གར་ཚགས་ཤོག་ནང་བཏོན་འདུག དངོས་གནས་བྱས་ན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྐོ་བཞག་གནང་བའི་དྲུང་ཆེ་མཆོག་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པ་ཞིག་ཆགས་ཡོད་ཀྱང་། དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན་ཟེར་བ་དེ་མདུན་ལ་ཐོན་ཏེ་སྔ་ཕྱི་འགལ་བའི་སྐད་ཆ་མང་པོ་བཤད་འདུག འདི་ག་རེ་ཡིན་ནམ
བོད་ཀྱི་དུས་བབ་ཚང་གིས་ཕྱོགས་གཉིས་ཀར་སྐད་ཆ་དྲིས་ཏེ་གནས་ཚུལ་ག་རེ་ཡིན་པ་དེ་དྲང་མོ་དྲང་ཞག་གིས་བཀོད་པར་ཐུགས་རྗེ་ཆེ། ཚེས13དང14སོ་སོར་རྒྱ་གར་གྱི་གསར་འགོད་པ་མང་པོ་ཞིག་སློབ་གྲྭའི་ནང་ཡོང་ནས་སྐད་ཆ་འདྲ་མིན་སྣ་ཚོགས་འདྲི་བཞིན་འདུག ང་རང་གིས་ལྟ་རྒྱུ་མ་བྱུང་ཡང་རྒྱ་གར་གྱི་ས་གནས་གསར་ཤོག་གི་ནང་དུ་ཡང་གནས་ཚུལ་ཐོན་འདུག་ཟེར་བ་ཞིག་གོ་སོང་། རྒྱ་གར་གྱི་གསར་ལམ་ཁག་གིས་གང་བྱུང་མང་བྱུང་འཁོད་གི་རེད།
བཙན་བྱོལ་ནང་གི་ལོ་རིམ་མཐོ་དམའ་མི་འདྲ་བའི་སློབ་མ་གང་མང་ཞིག་ལོ་རེ་བཞིན་དུ་ཕྱི་གླིང་ལ་ཡོང་གིན་འདུག མང་ཆེ་བར་མི་རིགས་ཀྱི་ལར་ཞེན་ཨོ་ཙམ་ཡོད་ན་ཡང་བོད་དོན་སྐོར་གྱི་ཤེས་བྱ་ཞན་པ་མ་ཟད་རང་གི་ནི་ཚེ་སྐྱེལ་ཐབས་ཀྱི་འཚོ་བའི་རྒྱུན་ཤེས་ཀྱང་ཡག་པོ་མི་ཤེས་པ་མང་པོ་འདུག དེ་བས་ང་ཁོ་ཚོར་ཡིད་འཆད་ཀྱིན་འདུག ད་ཐེངས་ཀྱི་ངོ་རྒོལ་འདི་ཡང་ཡི་རང་ཞུ་འོས་པ་ཞིག་རེད་མི་འདུག་ག ཐུགས་སྤྲོ་བཏང་མ་བཅུག་པ་དེར་ནད་མ་ཆོག་པ་དེ་གཙོ་བོ་རེད། གལ་ཏེ་ཐུགས་སྤྲོ་གཏོང་བཅུག་ཡོད་ན་ངོ་རྒོལ་འདི་བྱས་ཡོད་དམ། སློབ་གསོ་་་་་་སློབ་གསོ་་་་་་ང་ཚོའི་དོན་དམ་གྱི་སློབ་གསོ་དེ་་་་་
:སྤྱིར་བཏང་ང་ཚོ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད། ཕ་མ་ཚང་མ་བཀའ་དྲིན་ཆེན་ཡིན། དེ་ང་ཚོས་སེམས་གཏིང་ནས་ཧ་གོ་ཡི་ཡོད་པ་རེད། ཡིན་ནའང་སློབ་གྲྭའི་འཛིན་སྐྱོང་ནང་གི་མི་རེ་ཟུང་གི་གནང་སྟངས་ལ་སློབ་མ་ཚོས་སྔོན་མ་ནས་སྣང་བར་འགྲོ་ཡི་ཡོད་པ་མ་རེད” ཟེར། དེ་འདྲ་ཡིན་ན་འཚིག་པ་གླང་ལ་ཟོས་ནས་གླང་ལྕག་རྟ་ལ་གཞུས་པ་མ་རེད་དམ།
མི་རེ་ཟུང་དེ་ཚོ་སུ་ཡིན་ནམ། དེ་དག་གིས་སློབ་མ་ཚོར་ཐུབ་ཚོད་ཅི་ཞིག་བཏང་ཡོད་དམ། འབྲེལ་ཡོད་ལས་ཁུངས་ནས་རྩད་གཅོད་བྱེད་འོས།
མཐུན་འགྲིག་བྱུང་ཡོད་ན་ལེགས་སོ། ཡིན་ན་ཡང་འདྲི་རྒྱུར། ཁ་སྔོན། “སློབ་ཕྲུག་ཚོའི་ངོས་ནས་རེ་འདུན་ཁ་ཤས་བཏོན་ཡོད་པ་རེད། དང་པོ་སྒྲིག་ཆས་མ་གྱོན་པ་དང་ངོ་རྒོལ་གོམ་བགྲོད་ཀྱིས་བདེ་སྐྱིད་གླིང་དུ་ཞག་སྡོད་བྱས་པར་ཉེས་པ་གང་ཡང་མི་གཏོང་རྒྱུ་དང་། གཉིས་པ་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོ་སློབ་མ་རང་ངོས་ནས་འོས་འདེམས་དགོས་པ། གསུམ་པ། ཐེངས་འདིའི་མཐར་ཕྱིན་སློབ་མའི་ཐུགས་སྤྲོ་ཡང་བསྐྱར་གཏོང་དུ་འཇུག་དགོས་པ་བཅས་ཀྱི་རེ་འདུན་བཏོན་ཡོད་པ་རེད། ཅེས་བཀོད་པ་དང་དེ་རིང་གི་འདི་གཉིས་ལ་ཅུང་མི་མཐུན་པ་དེ་གསར་འགོད་པའི་ནོར་འཁྲུལ་ཡིན་ནམ་ཡང་ན་ཁོ་ཚོས་ཡག་བསྒྱུར་བྱས་པ་རེད།
ད་ཐེངས་སློབ་མ་ཚོས་རྒྱལ་ཁ་བླངས་འདུག རེ་འདུན་དོན་ཚན་གསུམ་ལས་སློབ་ཕྲུག་ཚོགས་པ་སློབ་ཕྲུག་རང་ངོས་ནས་འདེམས་རྒྱུ་དེར་མཇུག་སྐྱོང་དགོས་པ་རེད། ད་ནི་འགྲོ་མཁས་འདུག་མཁས་བྱས་ན་ཡག་པོ་ཡོད་པ་རེད། ཡིན་ནའང་ངའི་སེམས་ཁྲལ་ཆེ་ཤོས་དེ་རིམ་གྱིས་ད་རེས་ཀྱི་སློབ་ཕྲུག་ཁྲོད་ནས་སློབ་ཕྲུག་གཅིག་གཉིས་ཤིག་ལ་གྱོང་རག་མི་ཡོང་ངམ་བསམ་པ་དེ་རེད།
སློབ་གྲྭའི་དྲུང་ཆེ་ལས་རོགས་དགེ་འདུན་རིན་ཆེན་ཟེར་བ་དེ་གསར་འགོད་པར་སྐྱག་རྫུན་བཤད་དོན་ག་རེ་ཡིན་ནམ། ཚེས་ ༡༤་ཉིན་དུས་བབ་གསར་འགོད་པའི་དྲི་བའི་ལན་དུ་(སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རིམ་གྱིས་གྲོས་བསྡུར་ཐག་གཅོད་གནང་རྒྱུ་ཡིན་པའི་ལམ་སྟོན་གནང་ཡོད་པ་དང་། ད་ལྟ་སློབ་མ་ཚང་མ་རྒྱུན་ལྡན་ལྟར་འཛིན་གྲྭར་སོང་ནས་རྩོད་རྙོག་གང་ཡང་མེད་པ་ཆགས་ཡོད། ) ཅེས་ལན་འདེབས་བྱས་འདུག གོང་གི་གསར་འགྱུར་ནང་ཚེས་༡༦ཉིན་སློབ་གྲྭ་དང་སློབ་ཕྲུག་འཛོམས་ཏེ་གྲོས་འགྲིག་བྱུང་ཡོད་ཚུལ་ལབ་འདུག