ཁ་སང་ཉིན་རྒྱབ་རྒྱ་ནག་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གིས་པའོ་ཡི་ཚེ་བཙོན་གྱི་ཁྲིམས་ཆད་ལ་འགྱུར་བ་ཕྱིན་མེད་པ་གསལ་བསྒྲགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཧྲན་ཏུང་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་གིས་པའོ་ཡི་ཁྲིམས་ཆད་ལ་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་ལྟར། ཁ་སང་སྔ་དྲོའི་རྒྱ་ནག་གི་ཆུ་ཚོད་ ༡༠ ཙམ་ལ་ཁྲིམས་ར་དངོས་སུ་ཚོགས་ཡོད་ཀྱང་། པའོ་ཡི་ཞུ་གཏུག་དོན་ཚན་ ༡༡ ལ་བསྐྱར་དུ་ཁྲིམས་བཤེར་མ་བྱས་པར་ཚེ་བཙོན་གྱི་ཁྲིམས་ཆད་རང་སར་བཞག་པ་གསལ་བསྒྲགས་བྱས་འདུག
ཐེངས་འདིར་ཁྲིམས་རའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཧྲན་ཏུང་མཐོ་རིམ་མི་མང་ཁྲིམས་ཁང་གི་དྲ་བའི་ཐོག་པའོ་ཡི་ཁྲིམས་བཤེར་ཐེངས་གཉིས་པ་གཏན་འབེབས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པའི་ནང་། པའོ་ཡིས་ལྐོག་རྔན་འབོར་ཆེན་ཧམ་ལེན་དང་། གཞུང་གི་དབང་ཆ་སྒེར་སྤྱོད་ཀྱིས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པར། ཐེངས་དང་པོའི་ཁྲིམས་བཤེར་སྐབས་བདེན་དཔང་འདང་ངེས་དང་ཁྲིམས་ཆད་འོས་འཚམ། ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲིམས་དང་མཐུན་སྟབས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཞུ་གཏུག་གི་བཅའ་ཁྲིམས་ ༢༢༥ པའི་དོན་ཚན་དང་པོ་གཞིར་བཟུང་སྟེ། སྔར་གྱི་ཁྲིམས་ཆད་ལ་འགྱུར་བ་གང་ཡང་མེད་པ་གཏན་འབེབས་བྱུང་ཡོད་ལུགས་བཀོད་འདུག
གསར་འགོད་པ། པདྨ་མཚོ།