མདང་ནུབ་ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་ནེལ་སིན་མ་ཌ་ལཱ་མཆོག་སྐུ་གཤེགས་པར་དེ་རིང་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གིས་མྱ་ངན་ཞུ་ཚིག་དང་ཁོང་གི་ནང་མིར་འཚམས་འདྲི་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་མདང་ནུབ་ལྷོ་ཨ་ཧྥི་རི་ཁའི་རང་དབང་འཐབ་རྩོད་པ་ནེལ་སིན་མན་ཌ་ལཱ་མཆོག་སྐུ་གྲོངས་བར། མྱ་ངན་དང་ཁོང་གི་ཁྱིམ་མི་གཉེན་འབྲེལ་སོགས་ལ་ཐུགས་གསོའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ནེལ་སིན་མན་ཌ་ལཱ་མཆོག་གི་སྐུ་ཚེའི་མཛད་རྗེས་མདོར་བསྡུས་ངོ་སྤྲོད་དང་འབྲེལ་གསུངས་དོན། “ བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་སྐུ་ཞབས་ནེལ་སིན་མན་ཌ་ལཱ་མཆོག་དགོངས་པ་རྫོགས་པར་བློ་ཕམ་ཞེ་དྲག་བྱུང་། གང་ཡིན་ཟེར་ན། ཁོང་ལྟ་བུའི་མཛད་རྗེས་ཆེན་པོ་ཡོད་པའི་མི་སྣ་ཞིག་དགོངས་པ་རྫོགས་དུས་འཛམ་གླིང་སྤྱི་ཡོངས་ལ་གྱོང་གུན་ཆེན་པོ་ཐེབས་ཡོད་པ་དང་། དམིགས་བསལ་གྱིས་བོད་པ་ཚོས་དམིགས་དཔེ་ལྟ་ས་དང་རེ་བ་རྒྱག་སའི་དབུ་ཁྲིད་ཅིག་དགུང་པ་རྫོགས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཡིན་ནའང་། འཚེ་མེད་ཞི་བའི་ལམ་ནས་རྩ་དོན་བརྩད་ན་འགྲུབ་རྒྱུ་ཡོད་པ་དང་། བདེན་པ་ཟེར་བ་དེ་འགྲུབ་རྒྱུ་ཡོད་པའི་ཁོང་གི་མཛད་རྗེས་དེར། བོད་མི་སྤྱི་ཡོངས་ནས་ད་ལྟ་ཡིན་ནའང་རེ་བ་དང་སེམས་ཤུགས་བཅངས་ཏེ། ཁོང་གི་མཛད་རྗེས་མུ་མཐུད་དུ་གནས་ཐུབ་པར་འབད་བརྩོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ”ཅེས་གསུངས་སོང་།
དེ་བཞིན། དེ་རིང་སྔ་དྲོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནེལ་སིན་མན་ཌ་ལཱ་མཆོག་གི་ཁྱིམ་མིར་ཐུགས་ གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་དུ། རླབས་ཆེན་གྱི་དབུ་ཁྲིད་ཅིག་དགོངས་པ་རྫོགས་པར་ཐུགས་ཕམ་ཆེན་པོ་བྱུང་ཞིང་དམ་པ་ཁོང་ལ་ཐུགས་སྨོན་དང་། ཤུལ་ལུས་ཁྱིམ་མི་དང་ལྷོ་ཨ་ཧྥེ་རི་ཁའི་མི་མང་ཡོངས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་གནང་བཞིན་ཡོད་ཅེས་སོགས་བཀོད་ཡོད་འདུག་ལ། ནེལ་སིན་མན་ཌ་ལཱ་མཆོག་སྐུ་གྲོངས་རྗེས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན་ཌཱ་ཝེ་ཌི་ཁཱམ་རོན། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས། འཛམ་གླིང་ཐོག་ཆེས་ཤུགས་རྐྱེན་ཆེ་ཞིང་སྙིང་སྟོབས་ལྡན་པའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་དགོངས་པ་རྫོགས་པར་བློ་ཕམ་དང་། འཛམ་གླིང་མི་མང་གིས་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་དྲན་གསོ་དང་རྒྱུན་འཛིན་བྱེད་འོས་པའི་སྐོར་སོགས་ཀྱི་གསུང་འཕྲིན་གནང་འདུག
གསར་འགོད་པ། པདྨ་མཚོ།
དམ་པ་ཁོང་ནི་མི་རིགས་ནག་པོའི་དཀའ་སྡུག་སེལ་བའི་མགོན་སྐྱབས་ཙམ་མིན་པར་འཛམ་གླིང་མིའི་རིགས་ཀུན་ཀྱི་བདེ་སྡུག་ལ་དགོངས་བཞེད་མཛད་མཁན་རླབས་ཆེན་གྱི་མཁས་མཛངས་ལྡན་པའི་རྗེ་དཔོན་ཞིག་ཡིན་སྟབས། གང་ཉིད་ཀྱི་སྐུ་ཚེ་མ་ཟིན་པ་ནི་ཞི་བདེ་དང་དྲང་བདེན་ལ་མོས་པའི་མི་རིགས་ཀུན་གྱི་ཤིན་ཏུ་ནས་བློ་ཕམ་པ་དང་། ཡིད་རྨུགས་ཤིངཕམ་ཁ་ཆེན་པོ་ཞིག་རེད། འོན་ཀྱང་ང་ཚོ་ནི་་མིའི་རིགས་གཅིག་པ་ཡིན་པ་དང་དཀའ་ངལ་མི་འདོད་པ་འདྲ་མཚུངས་ཡིན་པའི་དོན་དངོས་ལ་བསམས་ན། དམ་པ་ཁོང་གི་སྐུ་ཚེ་འདས་པར་མྱ་ངན་གུས་བཏུད་ཞུ་བ་དང་ཁོང་གི་མཛད་འཕྲིན་རྒྱ་མཚོའི་ཀློང་ལས་ང་ཅག་བོད་རིགས་དག་གིས་ཀྱང་ཟེགས་མ་རེ་རེ་ཙམ་ཉམས་ལེན་གནང་ཚེ་མི་རིགས་རིག་གནས་དང་བཅས་པར་ཕན་རླབས་ཆེ་བ་ཡོད་ངེས།
ལྗང་གཞོན་གྱིས།
༼བོད་ཀྱི་འཐབ་རྩོད་ལ་མི་ཚེ་ཧྲིལ་བོར་རྒྱའི་དབང་སྒྱུར་དང་བཙོན་འོག་ནས་མནར་གཅོད་མྱངས་དང་མྱོང་བཞིན་པ། བོད་མི་རིགས་དང་རྩ་དོན་ཆེད་ཞུམ་མེད་སྙིང་སྟོབས་ཀྱི་འབོད་སྒྲ་སྒྲོག་མཁན། རང་ལུས་མེ་རུ་སྒྲོན་ནས་བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་ཚོ་རེད། འོན་ཀྱང་། ཁོང་ཚོའི་ཆེད་དུ་སེང་གེ་བཀའ་ཤག་ཁུ་སིམ་མེར་གནས་དོན་ཅི།
ཉིན་གསུམ་གོང་རང་ལུས་མེ་རུ་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་དམ་པ་དེ་ཉིད་གཙོས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྐོར་སེང་གེ་བཀའ་ཤག་གིས་མ་གཟིགས་པ་རེད་དམ་ཡང་ན་གསར་འགོད་གསལ་བསྒྲགས་ཙམ་ཡང་གནང་རྒྱུའི་དགོས་པ་དང་རིན་ཐང་མ་གཟིགས་པ་རེད????????༽ འདི་ལ་རྒྱབ་སྐྱོར་ཡོད།
ལྗང་གཞོན་གི་གསུང་བ་བདེན་པ་རེད། འབྲས་ལྡ་ལི་ཟ་མཁན་འདི་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་མ་གཏོགས་གཞན་ཅི་ཡང་མཐོང་གི་མེད། ཁོ་ཚོའི་བསམ་པར་གཞིའི་ལུས་རྒྱ་ཆེ་མི་མང་ནི་དབང་ཆ་གཅིག་སྡུད་རང་ལུགས་ཚོས་འཇུས་ཟིན་པའི་ད་ནི་བོད་མའི་དོན་གྱི་བདག་པོ་ནི་རྒྱ་བལ་འབྲུག་ན་ཡོད་པའི་བོད་མི་ཕྱེད་ཀ་མ་དག་ཡིན་བསམ་ཡོད།
ནེལ་སེན་མན་ཌེ་ལཱ་ཁོང་མི་སྣ་རླབས་ཆེན་དང་རང་དབང་འཐབ་རྩོད་པའི་མིག་དཔེ་ཞིག་ཡིན་པ་དངོས་ཡོད་རེད།
འོན་ཀྱང་། བོད་ཀྱི་འཐབ་རྩོད་ལ་སྦྱར་ཡོང་ན་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་རེ་བ་སྦྱིན་མཁན་རེད་ཟེར་པ་དང་། གཞུང་འབྲེལ་ཐོག་འདི་ལྟར་གསར་འགོད་གསལ་བསྒྲགས་སྤེལ་པ་ནི་སེང་གེ་བཀའ་ཤག་གིས་རྩ་བ་བོར་ཏེ་ཡལ་གར་འཐམས་པ་ལས་ཅི།
བོད་ཀྱི་འཐབ་རྩོད་ལ་མི་ཚེ་ཧྲིལ་བོར་རྒྱའི་དབང་སྒྱུར་དང་བཙོན་འོག་ནས་མནར་གཅོད་མྱངས་དང་མྱོང་བཞིན་པ། བོད་མི་རིགས་དང་རྩ་དོན་ཆེད་ཞུམ་མེད་སྙིང་སྟོབས་ཀྱི་འབོད་སྒྲ་སྒྲོག་མཁན། རང་ལུས་མེ་རུ་སྒྲོན་ནས་བོད་མི་རིགས་ཀྱི་བདེ་སྡུག་གླེང་མཁན་ཚོ་རེད། འོན་ཀྱང་། ཁོང་ཚོའི་ཆེད་དུ་སེང་གེ་བཀའ་ཤག་ཁུ་སིམ་མེར་གནས་དོན་ཅི།
ཉིན་གསུམ་གོང་རང་ལུས་མེ་རུ་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་དམ་པ་དེ་ཉིད་གཙོས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་སྐོར་སེང་གེ་བཀའ་ཤག་གིས་མ་གཟིགས་པ་རེད་དམ་ཡང་ན་གསར་འགོད་གསལ་བསྒྲགས་ཙམ་ཡང་གནང་རྒྱུའི་དགོས་པ་དང་རིན་ཐང་མ་གཟིགས་པ་རེད????????