ཁ་སང་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་གྲྭ་ཡར་འཕེལ་ལགས་ཀློད་གྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢ ཉིན་གྱི་སྔ་དྲོར་རྒྱ་གཞུང་གིས་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་གྲྭ་ཡར་འཕེལ་ལགས། ༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་ ༤ ཉིན་རང་ལུས་མེར་བསྲེགས་གནང་མཁན་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱི་གདུང་ཐལ་རང་ཁྱིམ་དུ་གདན་འདྲེན་ཞུས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ཁོང་ལ་ལོ་ ༡ དང་ཟླ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། མི་འགྱངས་བར་བཙོན་ཁང་དེ་སྒོ་རྒྱག་རྒྱུ་ཡིན་སྟབས། ཁ་སང་ཕྱི་ཚེས་ ༢༦ ཉིན་བཙོན་འཇུག་དུས་ཡུ་མ་རྫོགས་པར་ཀློད་གྲོལ་བཏང་འདུག་ལ། ས་གནས་ཉེན་རྟོག་པས་ཁོང་གི་ཁྱིམ་དུ་ཉིན་རེར་འཚམས་འདྲིར་ཡོང་མཁན་མི་ ༥ ལས་བརྒལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
བསོད་ནམས་ལགས་ཀྱིས་བརྗོད་པ་ལྟར་ན། གྲྭ་ཡར་འཕེལ་ལགས་ཐོག་མར་བཙོན་ཁང་དེར་བསླེབས་སྐབས། བཙོན་པ་ ༡༨༠ ལྷག་ཡོད་པ་དང་ཕྱིས་སུ་རིམ་གྱིས་ཇེ་ཉུང་དུ་ཕྱིན་ཏེ། ད་ལྟ་བཙོན་པ་ ༤༠ ལྷག་ཡོད་ལ་ཕལ་ཆེ་བ་བོད་རིགས་ཡིན་འདུག ཁོང་བཙོན་ཁང་དུ་སྡོད་རིང་རྒྱ་རིགས་ཚོང་པ་གཉིས་ཀྱིས་མངགས་ཉོ་བྱས་པའི་ལག་ཤུབས་མང་པོ་འཁེལ་འཐག་བྱེད་དུ་བཅུག་པ་སོགས་ལས་ཀ་མང་དུ་བཀོལ་བ་དང་འཚོ་བའི་མཐུན་རྐྱེན་ཞན་པའི་རྐྱེན་གྱིས། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
གཞན་ཡང་། ཉེ་བའི་ལོ་ཤས་སྔོན་ནས་བཟུང་རྒྱ་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་གྱི་གཉེན་འབྲེལ་སོགས་བོད་རིགས་མང་པོར་ཉེས་མིང་འདྲ་མིན་བཏགས་ཏེ་འཛིན་བཟུང་བཙོན་འཇུག་དང་། ཡུལ་མིའི་འགྲོ་འདུག་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། རྨ་ལྷོ་རེབ་གོང་དུའང་རྒྱ་གཞུང་གིས་དམ་དྲག་དང་འཇིགས་སྐུལ་སྣ་ཚོགས་བྱེད་ཀྱི་ཡོད་འདུག་ལ། ཟླ་འདིའི་ཚེས་ ༡༠ ཉིན་ནས་བཟུང་གོ་མཚོན་ཐོགས་པའི་དྲག་ཆས་ཉེན་རྟོག་པ་མང་པོས་སྲང་ལམ་གང་སར་བལྟ་རྟོག་བྱེད་མགོ་བརྩམས་ཡོད་འདུག
གསར་འགོད་པ། པདྨ་མཚོ།