བོད་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཆབ་སྲིད་བཙོན་པ་གུ་རུ་ལགས། ཉེ་ལམ་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་འདུག
རྒྱ་ནག་གཞུང་གིས་ ༢༠༡༢ ལོའི་ཟླ་ ༡༢ ཚེས་ ༢༤ ཉིན་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཉིན་ཕྱུགས་ཡུལ་ཚོ། རོང་བོ་མི་སྐྱ་སྡེ་བའི་རང་ལོ་ ༢༥ ཡིན་པའི་གུ་རུ་ལགས། རྩེ་ཁོག་རྫོང་དུ་རང་ལུས་མེར་བསྲེགས་དང་སློབ་མའི་ངོ་རྒོལ་བཅས་ཀྱི་གནས་ཚུལ་བྱུང་སྐབས་ཀྱི་པར་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག ལོ་གཅིག་དང་ཟླ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟའི་བར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་ཡོད་པའི་ལོ་གྱོ་ཁྲིམས་ཁང་ཞེས་པའི་ནང་བཙོན་འཇུག་བཀག་ཉར་བྱས་ཡོད་པ་ལྟར། ༢༠༡༣ ལོའི་ཟླ་ ༡༢ པའི་ཚེས་ ༢༤ ཉིན་ཁོང་བཙོན་གྲོལ་བཏང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། ད་ལྟའི་ཆར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་སྐོར་འབྲེལ་ཡོད་མི་སྣས་བརྗོད་ཡོད།
ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་པ་ལྟར་ན། གུ་རུ་ལགས་ཀྱི་ཕ་མིང་ལ་བསོད་བྷེ་དང་མ་མིང་ལ་གཟིགས་སྒྲོན་ཞུ་བཞིན་ཡོད་པ་དང་། ༢༠༡༢ ལོའི་ཕྱི་ཟླ་ ༡༢ བའི་ཟླ་མགོ་ཙམ་ལ་ས་གནས་ཉེན་རྟོག་པས་ཁོང་ལ་ནག་ཉེས་ཅི་ཡིན་གསལ་ཁ་མེད་པའི་ཐོག་འཛིན་བཟུང་འདྲི་གཅོད་བྱས་པ་དང་ལག་འཁྱེར་ཁ་པར་གཞུང་བཞེས་བཏང་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ཟླ་ ༡༢ ཚེས་ ༢༤ ཉིན་ཡང་བསྐྱར་འཛིན་བཟུང་གིས་ས་གནས་སུ་གནས་ཚུལ་རིམ་པ་བྱུང་སྐབས་པར་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་ཡོད་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ཟི་ལང་གི་ལོ་གྱོའི་ཁྲིམས་ཁང་ཞེས་པའི་ནང་བཅུག་ཡོད་པ་མ་ཟད། བཙོན་ཁང་དུ་སྡོད་རིང་ནམ་རྒྱུན་གློག་ཀླད་ཀྱི་ཟངས་སྐུད་ཕྲ་བོ་བརྒྱ་ཕྲག་དུ་མ་དཀྲིས་ལོག་དང་ལག་ཤུབས་བཟོ་རྒྱུ་གཙོས་པའི་ལས་རིགས་འདྲ་མིན་ཐོག་བཀོད་མངགས་བྱས་སྟབས། ད་ཆར་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་ཡོད་འདུག
གསར་འགོད་པ། དོན་གོ