དེང་སྐབས་རྒྱལ་སྤྱིའི་ནང་ཆ་རྐྱེན་མང་པོ་འཛོམས་པའི་ལག་ཐོག་ཁ་པར་བྲིན་རྒྱུག་ཆེན་པོ་བྱུང་བ་དང་མཉམ་དུ་གློག་ཀླད་བཟོ་སྐྲུན་ཁེ་ལས་ཁག་ལ་གྱོང་གུད་ཚབས་ཆེན་ཕོག་གི་ཡོད་འདུག
ཨ་རིའི་གྲོང་ཁྱེར་སན་ཧྥེ་རན་སེ་སེ་ཁཱོར་རྟེན་གཞི་བྱས་པའི་གློག་ཀླད་ཨིན་ཀྲལ་ ( Intel) ཞེས་པའི་མ་ལག་བཟོ་གྲྭའི་ལས་བཟོ་བ་ ༥༠༠༠ ཙམ་གནས་དབྱུང་གཏོང་རྒྱུ་ཡིན་ཞིང་། དེ་ནི་ཉེ་ལམ་རྒྱལ་སྤྱིའི་ཁྲོམ་རའི་ནང་ཁྱད་ཆོས་དང་ཆ་རྐྱེན་མང་པོ་འཛོམས་པའི་ལག་ཐོག་ཁ་པར་རིགས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། མང་ཚོགས་ཀྱིས་གློག་ཀླད་ཉོ་ཚད་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། ཁེ་ལས་ཀྱི་ཡོང་འབབ་ལོ་གཉིས་བསྟུད་མར་ཉམས་ཆག་ཕྱིན་ཡོད་འདུག འདི་ནི་ད་ལྟའི་འགན་འཛིན་བྷེར་ཡང་ (Bryan Krzanich) ལགས་ཀྱིས་ཁེ་ལས་ཀྱི་རྐང་འཛིན་མི་སྣའི་ལས་འགན་འཁུར་རྗེས་ཐོན་པའི་ལས་ཤོར་ལས་མི་མང་ཤོས་ཤིག་ཆགས་རྒྱུ་ཡིན་སྐོར་བསྒྲགས་འདུག
གནད་དོན་དེའི་སྐོར་ལ་ཨིན་ཀྲལ་གློག་ཀླད་མཉེན་ཆས་བཟོ་གྲྭའི་མགྲིན་ཚབ་པ་བྷིལ་ཁཱལ་ཀྲར་ (Bill Calder )ལགས་ཀྱིས། ༢༠༡༡ ལོར་ཁེ་ལས་ཀྱི་ཡོང་བབ་ཨ་སྒོར་ས་ཡ་ ༡༢།༩ ཙམ་ཟིན་གྱི་ཡོད་ཀྱང་། ཉེ་ལམ་རྒྱལ་སྤྱིའི་ཁྲོམ་རའི་སྟེང་ཁྱད་ཆོས་ལྡན་པའི་ལག་ཁྱེར་ཁ་པར་བཀོལ་སྤྱོད་བྱེད་ཚད་ཤུགས་ཆེ་རུ་ཕྱིན་སྟབས་ཡོང་བབ་ལོ་གཉིས་བསྟུད་མར་ཉམས་གུད་ཕྱིན་ཡོད་སྟབས། ལོ་འདིའི་ནང་ཁེ་ལས་ཀྱི་ལས་མི་ ༡༠༨༠༠༠ ཙམ་རྒས་ཡོལ་སྔ་བསྣུར་དང་ལས་མི་ཉུང་དུ་གཏོང་བ། ལས་མཚམས་འཇོག་ཏུ་བཅུག་པ་སོགས་བྱས་ཏེ་ཁེ་ལས་ཀྱི་དཔལ་འབྱོར་ཉམ་ཆག་ལ་གདོང་ལེན་བྱེད་རྒྱུ་ཡིན་སྐོར་སྐོར་བརྗོད་འདུག
༢༠༡༡ ལོ་ནས་བཟུང་རྒྱལ་སྤྱིའི་ཁྲོམ་རྭའི་ནང་བརྡ་འཕྲིན་ཚན་རྩལ་དང་ཁྱད་ཆོས་ལྡན་པའི་ལག་ཐོག་ཁ་པར་སོགས་འཕྲུལ་ལས་འདྲ་མིན་ཐོན་ཏེ་གློག་ཀླད་བཀོལ་སྤྱོད་བྱེད་ཚད་ཉུང་དུ་ཕྱིན་ཏེ་གློག་ཀླད་ཁེ་ལས་མང་པོ་ཞིག་ལ་དཔལ་འབྱོར་གྱོང་གུད་ཆེན་པོ་ཕོག་ཡོད་འདུག དེའི་ཁྲོད་ནས་ཨ་རིར་རྟེན་གཞི་བྱས་པའི་གློག་ཀླད་མཉེན་ཆས་བཟོ་སྐྲུན་ཁེ་ལས་ཨིན་ཀྲལ་གྱི་ཡོང་བབ་ཨ་སྒོར་ས་ཡ་ ༡༢།༩ ནས་ ༩།༦ ཐོག་མར་ཆག་པ་དང་། ཐོན་རྫས་ཀྱི་སྤུས་ཚད་དང་བཀོལ་སྤྱོད་སོགས་ ༢༠༡༢ ལོར་བརྒྱ་ཆ་ ༡༢ ཙམ་ཉམས་ཆག་དང་ ༢༠༡༣ དང་ཟླ་འདིའི་ཚེས་ ༡༧ བར་བརྒྱ་ཆ་ ༦༩ ཙམ་ཉམས་ཆག་གིས་དཔལ་འབྱོར་དང་སྤུས་ཚད། འགྲེམ་སྤེལ་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག