གང་ནས་གཞུར་ཏེ་འོང་བ་མི་ཤེས་བས།།
རྟག་དུ་མནར་གཅོད་མྱོང་བའི་སེམས་པ་འདི།།
ཅི་ཞིག་འཚོལ་བཞིན་ཡོད་མེད་མ་རྟོགས་པར།།
དྲན་པ་འདི་ཉིད་ནམ་རྒྱུན་གཡེང་བས་འདས།།
བདེ་མོ་གླུ་ངག་འདྲ་བའི་དབྱངས་རྟ་ཞིག།
ཉན་ན་བདེ་སྣང་འདྲེན་པའི་ཡུལ་གླུ་ཞིག།
མ་གོ་ལོ་མང་བྱིན་པ་ས་མཐའི་བུ།།
རིགས་ལ་དུངས་པ་ཆེ་བའི་ནད་འདི་ལྕི།།
རྒྱ་མཚོ་སྔོན་མོ་རླབས་ཀྱིས་འཕྱོ་ལུགས་དང་།།
ཤེས་བྱའི་ཕ་མཐའ་སྙེགས་པའི་རྟོགས་ཤིག་དང་།།
དྲི་མེད་ལྷག་བསམ་གཙང་མའི་སེམས་གཤིས་སོགས།།
འགྲོ་བ་མི་ཡི་རིགས་ལ་ཕན་དུ་རེ།།
གློ་བུར་ཁོང་ཁྲོའི་ངར་གྱི་ཡར་ལ་བཀྱགས།།
གང་ཙམ་རྗེས་སུ་འགྱོད་སྣང་ཆེ་ཙམ་སྐྱེ།།
སྐད་ཅིག་མི་བསྡོད་འགྱུར་བའི་སྣང་བ་འདི།།
འགྲོ་བའི་རིགས་ཀྱི་ཚོར་འདུ་ཕྲ་མོ་ཉིད།།
རྒྱང་ཐག་རིང་དུས་སེམས་ཀྱི་དྲན་དུ་གྱུར།།
ཉེ་སར་ཡོད་དུས་སེམས་ཀྱི་ཚེར་མ་འདྲ།།
ཉིན་མཚན་ལྷན་འདུས་སེམས་ཀྱི་རོགས་ལོ་མ།།
ཚེ་གཅིག་དགའ་སྐྱོ་འདྲེན་པའི་ཟླ་གྲོགས་རེད།།
མེད་ན་ཡོད་དུ་རེ་ནས་འབད་བརྩོན་བྱེད།།
ཡོད་དུས་མཐོ་དམན་ཀུན་ལ་འགྲན་ཞིག་འཛུགས།།
མི་ཚེ་གཡོག་དུ་རྒྱུགས་ཀྱང་འཆི་དུས་སུ།།
འགྲོ་རོགས་མི་ཉན་རྒྱུ་དངུལ་བསགས་པ་འཕངས།།
ཡིག་རྨོངས་རྒད་པོའི་མཐོན་པོ་དཔོན་ལ་རེ།།
མཐོན་པོ་དཔོན་གྱིས་ཡིག་རྨོངས་བྲན་དུ་བསམ།།
མི་ཚེ་དར་རྒུད་ངེས་མེད་རླུང་ཁྲོད་དུ།།
མཐོ་དམན་ཀུན་གྱིས་སེམས་ལ་འདྲེ་རིགས་འཁོར།།
དེང་གི་བུད་མེད་ཕལ་ཆེར་མགོ་འཕོང་མཐོ།།
དེང་གི་ཕོ་གསར་མང་ཆེར་རང་རློམ་ལྕི།།
དེང་གི་བྱ་སྤྱོད་ཡོད་ཚད་རྫུན་མ་ཉིད།།
གཅིག་སེམས་གཅིག་ལ་མི་སྟོན་ཁྲམ་པའི་ཞིང་།།
ཁ་ལ་རེག་ན་སྐྱུར་དྲི་ཁ་བ་དང་།།
ཁོག་དུ་ཞུགས་རྗེས་སྟག་གི་རྣམ་ཤེས་ཅན།།
ཁ་ཞེ་གཉིས་ཀ་སོ་སོར་གཏོང་མཁན་ནི།།
ཁོག་རྒྱ་མེད་མཁན་དག་ལ་དུག་ཆུ་ཡིན།།
མི་ཤེས་ཟེར་ནས་བསྡད་ན་ལྐུག་པར་འབོད།།
ངས་ཤེས་ཟེར་ནས་གླེང་ན་འཕྱ་དམོད་བྱེད།།
འགུལ་བསྐྱོད་གང་ཞིག་བྱས་ཀྱང་སྐྱོན་ཞིག་བཤད།།
མི་ཁ་ལྕགས་ཀྱིས་བཟོས་པས་ཐར་ས་མེད།།
༡༡།༢།༠༩
སྤོབས་པ་མཐའ་ཡས་ལ་ཐུགས་རྗེ་ཆེ། ཁྱེད་རང་གིས་ང་རང་ལ་དེ་འདྲའི་གདེང་འཇོག་གནང་བ་དེར། ཡིན་ཡང་། ང་རང་བོད་ལ་དགའ་བ་ནི་རང་ཉིད་བོད་པའི་ཡིན་པས་རེད་ལ་ང་རང་བོད་ཡིག་ལ་དུངས་པ་རང་ཡིག་ཡིན་པས་རེད། ང་རང་བོད་སྐད་ལ་དགའ་བ་དེ་ཡང་རང་སྐད་ཡིན་པས་རེད། དེ་དག་ལ་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དེར་ང་རང་གཅིག་བུ་མ་ཡིན་སྤོབས་པ་ལགས་ཁྱེད་རང་གི་གཙོ་བའི་དྲ་གྲོགས་ཡོངས་ལ་འདིའི་ཐད་དུ་སེམས་འཁུར་ཡོད་པ་རེད། ངས་ཀྱང་རང་གི་གང་ནུས་ཚོད་རེ་བཤད་བཞིན་ཡོད་པ་དེ་ལས་ང་རང་ལ་དམིགས་གསལ་གྱི་ཁྱད་ཆོས་དེ་འདྲ་གང་ཡང་ཡོད་པ་མ་རེད། ཁྱེད་རང་གི་རྩོམ་ལུགས་དང་འབྲི་སྟངས་ཁ་ཤས་ལ་དངོས་ནས་ང་རང་ཡིད་སྨོན་བྱེད་ཀྱི་ཡོད་པ་དེ་ནི་ངོ་བསྟོད་བྱས་པ་གཏན་ནས་མིན། ཁྱེད་རང་ལ་དངོས་ནས་རེ་བ་ཆེན་པོ་བྱེད་བཞིན་ཡིན། ཨ་མའི་བུ། ཤུ་རེ་བྱོས། ང་ཚོ་ལས་དབང་གིས་ཟེར་ན་འདྲ། གང་ལྟར། འདོད་མི་འདོད་ལ་མ་བལྟས་པར་ཉེན་འཕྲེང་གི་དུས་ཚོད་འདི་ལ་བོད་དུ་སྐྱེ་བ་དེར་འགན་ཞིག་ཡོད་པ་ཁྱེད་རང་གིས་ཀྱང་ལོས་ཤེས། ངས་ཀྱང་དེ་ལྟར་རང་ཉིད་ལ་རྟག་ཏུ་གསལ་འདེབས་བྱེད་ཀྱི་ཡོད། ང་རང་གང་དུ་བསྡད་ཡོད་མེད་ལ་མ་བལྟས་པར་ང་རང་བོད་པ་ཡིན་པ་གཏན་ནས་སེམས་ཁོང་ནས་འབོར་གྱི་མེད། དུས་ཚོད་གང་ཡོད་ལ་འཇལ་ཐུབ་པར་སྨོན།
ངས་སྔོན་དུས་ཤིག་ལ་ཁ་བརྡའི་སྟེང་དུ་ཁྱེད་ལ་ཀུ་རེའི་ཞོར་དུ་སྙད་གཙེར་ཁ་ཤས་ཞུས་པ་ཡིན། ཡིན་ན་ཡང་ཁྱེད་ཀྱི་ལྷག་བསམ་རྣམ་དག་གིས་སྐད་ཡིག་སྲུང་སྐྱོབ་ཀྱི་འབད་བརྩོན་དང་རང་གི་མི་རིགས་ལ་བཅངས་པའི་ལྷག་བསམ་ལ་ངས་དགའ་གུས་དང་རྗེས་སུ་ཡི་རང་ཚད་མེད་ཞུ་བཞིན་ཡོད། མི་འདིའི་ལུས་ཀྱི་བདེ་ཐང་དང་སེམས་ཀྱི་ནུས་ཤུགས་ལ་ཉམས་རྒུད་མི་གོས་པའི་སྨོན་ལམ་ཚུན་འདེབས་བཞིན་ཡོད། དངོས་གནས་ཡིན། ཁྱོད་ནི་ངའི་མ་འདྲིས་པའ་གྲོགས་པོ་དང་མ་མཐོང་བའི་རྒྱབ་རྟེན་ཡིན།
དྲ་གྲོགས་ཨ་རིག་དགེ་མཐོང་ལགས། རིང་བོ་ཞིག་ལ་བདག་གི་ཟིན་བྲིས་སུ་ཕེབས་མ་བྱུང་མོད། དེ་རིང་ཉིད་ཀྱིས་མེ་འབར་ནས་སླེབས་འདུག་པ་ཨེ་ཚོར་ཟེར་བ་དེ་རྒྱ་ནག་ནང་གི་མེ་སྐྱོན་དེ་ཟེར་བཞིན་ཡོད་དམ། ཡང་ན་གཞན་ཞིག་གོ་རྒྱུ་ཡོད་དམ། ཨོ་རེད། ཐུགས་ཆེ་རྗེ། ང་རང་ལ་བསྟོད་བསྔགས་བྱས་པ་དེར། ངས་ཀྱང་རང་གི་ནུས་ཚོད་ཀྱི་ཤུགས་རེ་རྒྱག་ངེས་ཡིན།
ཨ་རོ་ཤུགས་རྒྱོབ་མ་གཏོགས་མེ་འབར་ནས་སླེབས་འདུག ཨེ་ཚོར། དེ་མིན་སྙན་རྩོམ་ཡག་པོ་རེ་བྲིས་ཡོད་པ་མཐོང་ནས་དགའ་བོ་བྱུང་། ཨ་རིག་གླེན་པའི་ཁོངས་གཏོགས་བོད་ཤ་ཁྲག་རུས་གསུམ་ལ།