ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ཚོགས་འདུར་ཞུགས་ཆེད་རྒྱ་ནག་ཏུ་མ་འབྱོར་གོང་། རྒྱ་ནག་བཅིངས་གྲོལ་དམག་གིས་ཀྱང་ཐའེ་ཝན་ལ་མཁའ་མཚོ་གཉིས་ནས་སུན་གཙེར་མུ་མཐུད་བྱས་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་ཞོགས་པར་ཨུ་རུ་སུའི་དམག་དོན་གནམ་གྲུ་གཉིས་ཐའེ་ཝན་གྱི་མཁའ་སྲུང་ངོས་འཛིན་ས་ཁུལ་ (Air Defense Identification Zone) དུ་འཕུར་སྐྱོད་བྱས་ཡོད་པ་ཐའེ་ཝན་གྱི་སྲུང་སྐྱོབ་ལྷན་ཁང་གིས་བསྒྲགས་འདུག་ལ། ཐའེ་ཝན་བདེ་སྲུང་ལྟ་ཞིབ་ཚོགས་པ་ (Taiwan Security Monitor) ཡིས་ཐའེ་ཝན་གཞུང་གིས་ཨུ་རུ་སུའི་དམག་དོན་གནམ་གྲུ་ས་ཁུལ་དེར་ཐོག་མར་ཐོན་ཡོད་སྐོར་བསྒྲགས་འདུག དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཐའེ་ཝན་ལ་སུན་གཙེར་བཟོས་དང་བཟོ་མུས་ཡིན་པ་རེད།
གནད་དོན་དེ་དང་འབྲེལ་ནས་ཐའེ་ཝན་སྲུང་སྐྱོབ་ལྷན་ཁང་གིས། གནམ་གྲུ་དེ་གཉིས་བྱང་ཤར་ཕྱོགས་ནས་ས་ཁུལ་དེའི་ནང་དུ་འཛུལ་ཏེ་ཐའེ་ཝན་གྱི་ཤར་ཕྱོགས་ཀྱི་མཁའ་དབྱིངས་བརྒྱུད་ནས་ཐེ་ཏུང་ (Taitung) རྫོང་གི་ལྷོ་ཕྱོགས་ནས་ཕྱིར་ཐོན་སོང་། ལྷན་ཁང་གིས་གནམ་གྲུ་དེ་དག་གི་རིགས་ཅི་ཡིན་གསལ་བཤད་བྱས་མེད། མཁའ་སྲུང་ངོས་འཛིན་ས་ཁུལ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་མཁའ་དབྱིངས་མ་ཡིན་པར། བདེ་སྲུང་ཆེད་དུ་ཕྱི་ནས་ཡོང་བའི་གནམ་གྲུ་ངོས་འཛིན་དང་ལྟ་ཞིབ་བྱེད་སའི་ས་ཁུལ་ཞིག་ཡིན། ཞེས་བསྒྲགས་འདུག
དེ་རིང་ཞོགས་པར་ཉི་ཧོང་གིས་ཀྱང་ཨུ་རུ་སུའི་ཡིན་པར་ཚོད་དཔག་བྱེད་པའི་དམག་དོན་གནམ་གྲུ་གཉིས་ཧྥུ་ཁུ་ཨོ་ཁ་ (Fukuoka) ཞིང་ཆེན་གྱི་ཨོ་ཁི་ནོ་ཤི་མ་ (Okinoshima) གླིང་ཕྲན་གྱི་ཉེ་འཁོར་དུ་ཉི་ཧོང་གི་མངའ་ཁོངས་མཁའ་དབྱིངས་སུ་ཁྲིམས་འགལ་ངང་འཛུལ་ཡོད། ཅེས་བསྒྲགས་འདུག ཉི་ཧོང་གི་རང་སྲུང་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་ཤར་གཏོང་བྱས་ཏེ་ཉེན་བརྡ་བཏང་ཡོད་ལ། ཉི་ཧོང་སྲིད་གཞུང་གི་གསུང་ཁུར་བ་ཁི་ཧ་ར་ (Minoru Kihara) ཡིས་ཉི་ཧོང་གིས་མོ་སི་ཁོ་ལ་ངོ་རྒོལ་ཤུགས་ཆེན་བཏོན་ཡོད་པ་བསྒྲགས་འདུག
དོན་རྐྱེན་འདི་ནི་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ (APEC) ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཆེད་རྒྱ་ནག་ལྷོ་རྒྱུད་ཀང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་དུ་མ་འབྱོར་གོང་དུ་བྱུང་བ་ཞིག་ཡིན། ཚོགས་འདུ་དེ་ཕྱི་ཚེས་ ༡༨ ནས་ ༡༩ བར་འཚོག་རྒྱུ་ཡིན་ལ། ཕྱི་ཚེས་ ༡༩ ཉིན་རྒྱ་ནག་དང་། ཨ་རི། ཨུ་རུ་སུ་བཅས་ཀྱི་མགོ་ཁྲིད་གསུམ་ཐུག་འཕྲད་བྱ་རྒྱུ་ཡིན། ཨུ་རུ་སུས་ད་ཐེངས་གནམ་གྲུ་ཐའེ་ཝན་ཉེ་འཁོར་དུ་བཏང་བའི་རྒྱུ་མཚན་གསལ་བཤད་བྱས་མེད་ཀྱང་། གདན་དོན་དབྱེ་པ་ཁག་ཅིག་གིས། མོ་སི་ཁོ་དང་པེ་ཅིན་བར་གྱི་འབྲེལ་བ་དམ་དུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཡིན་ཞེས་བཀོད་འདུག
དེ་དང་ཆབས་ཅིག རྒྱ་ནག་བཅིངས་གྲོལ་དམག་གིས་ཐའེ་ཝན་ལ་མཁའ་མཚོ་གཉིས་ནས་སུན་གཙེར་མུ་མཐུད་བྱེད་བཞིན་ཡོད། ཐའེ་ཝན་སྲུང་སྐྱོབ་ལྷན་ཁང་གིས། ཁ་སང་དང་དེ་རིང་ཉིན་གཉིས་རིང་རྒྱ་ནག་གིས་ཐའེ་ཝན་ཉེ་འཁོར་དུ་དམག་དོན་གནམ་གྲུ་ལྔ་དང་དམག་དོན་མཚོ་གྲུ་ལྔ་ཤར་གཏོང་བྱས་ཡོད། ཕྱི་ཚེས་ ༡༣ ཉིན་ཞོགས་པར་ཡང་དམག་དོན་གནམ་གྲུ་བཅུ་དང་དམག་དོན་མཚོ་གྲུ་བརྒྱད་ཤར་གཏོང་བྱས་ཡོད་ལ། ཐའེ་ཝན་སྲུང་སྐྱོབ་ལྷན་ཁང་གི་ཐོ་གཞུང་ལྟར་ན་ཕྱི་ཟླ་ ༡༡ པ་གཅིག་པུའི་ནང་རྒྱ་ནག་གི་དམག་དོན་གནམ་གྲུ་ཐེངས་ ༢༡༠ དང་དམག་དོན་མཚོ་གྲུ་ཐེངས་ ༡༥༤ ཐའེ་ཝན་ཉེ་འཁོར་དུ་ཤར་གཏོང་བྱས་ཡོད། ཐའེ་ཝན་གྱིས་ཀྱང་དམག་དོན་གནམ་གྲུ་དང་། དམག་དོན་མཚོ་གྲུ། ས་ཐོག་ནས་འཕེན་པའི་འཕུར་མདའ་སོགས་གྲ་སྒྲིག་བྱས་ཏེ་ལྟ་ཞིབ་བྱེད་བཞིན་ཡོད།
ཐའེ་ཝན་གྱི་བདེ་སྲུང་འགྲོ་གྲོན་ཡང་ཇེ་མཐོར་འགྲོ་བཞིན་ཡོད་དེ། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་ཐའེ་ཝན་གྱི་བློན་ལྷན་གྱིས་ཕྱི་ལོ་ ༢༠༢༧ ལོའི་རྩིས་འཆར་ཆོག་མཆན་བྱས་པ་དང་། དེའི་ནང་བདེ་སྲུང་ཆེད་ཐའེ་སྒོར་ཁྲག་ཁྲིག་ཆེན་མོ་ ༡.༡༢༢༥ (ཨ་སྒོར་ཐེར་འབུམ་ ༣༥.༣) བགོ་འགྲེམས་བྱས་ཡོད་ལ། དེ་ནི་ཐའེ་ཝན་གྱི་རྒྱལ་ཡོངས་ཐོན་སྐྱེད་བསྡོམས་འབོར་གྱི་བརྒྱ་ཆ་ ༣.༠༡ ཡིན། རུའུ་ཊར་གསར་ཁང་གིས་བཀོད་པ་ལྟར་ན། དེ་ནི་ལོ་སྔོན་མའི་བདེ་སྲུང་འགྲོ་གྲོན་ལས་བརྒྱ་ཆ་ ༡༨ ཡིས་མཐོ་བ་དང་། མི་མེད་གནམ་གྲུ་ (Drone) དང་འཕུར་མདའ་སོགས་ལ་འགྲོ་གྲོན་ཆེ་རུ་བཏང་ཡོད། རྩིས་འཆར་དེ་ད་དུང་ཐའེ་ཝན་གྲོས་ཚོགས་ཀྱིས་གཏན་འཁེལ་བྱ་དགོས་ཡོད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།





