ཨ་རྒྱ་ར་གསུམ་གྱི་མགོ་ཁྲིད་ཚོ་མི་འགྱངས་བར་ཕྱི་ལོ་ ༢༠༢༦ ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་དང་བསྟུན་རྒྱ་ནག་ཏུ་ཐུག་འཕྲད་བྱ་འཆར་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ ཉིན་ཕྱི་ལོ་ ༢༠༢༦ ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ (Asia Pacific Economic Cooperation Forum) རྒྱ་ནག་ལྷོ་རྒྱུད་ཀྱི་ཀང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་དུ་འཚོག་འཆར་ཡོད་ཅིང་། ཚོགས་ཆེན་དེའི་ཐོག་ཏུ་ཨ་རིའི་སྲིན་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་དང་། ཨུ་རུ་སུའི་མགོ་ཁྲིད་པུ་ཊིན། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བཅས་ཐུག་འཕྲད་བྱ་འཆར་ཡོད་ཅིང་། ལྷན་འཛོམས་དེ་ནི་མགོ་ཁྲིད་དེ་གསུམ་རྒྱ་ནག་ཏུ་ཐུག་འཕྲད་བྱེད་ཐེངས་ཐོག་མར་གྱུར་འདུག་ལ། ཚོགས་ཆེན་དེར་རྒྱལ་ཁབ་ ༡༢ ལྷག་གི་མགོ་ཁྲིད་སོགས་ཀྱིས་མཉམ་ཞུགས་བྱེད་ཀྱིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་ (Mao Ning) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་ཚོའི་མཇལ་འཕྲད་སྐོར་ལ་འབྲེལ་ཡོད་ཕྱོགས་ཁག་དང་འབྲེལ་གཏུག་བྱེད་བཞིན་ཡོད། གལ་ཏེ་གནས་ཚུལ་གསར་པ་བྱུང་ཚེ་དུས་ཐོག་ཏུ་གསལ་བསྒྲགས་བྱ་རྒྱུ་ཡིན། ཞེས་བཤད་པ་ལས་ཐུག་འཕྲད་ཀྱི་སྐོར་གསལ་ཁ་བྱས་མེད་པ་རེད།
དེ་བཞིན་རྒྱ་ནག་གི་མགྲིན་ཚབ་པས་འདི་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་དང་འབྲེལ་ནས། སྐབས་སོ་གསུམ་པའི་ཨེ་པེག་(APEC ) གི་མགོ་ཁྲིད་ཚོགས་འདུ་དེ་ཧྲིན་ཀྲིན་དུ་མགོ་འཛུགས་རྒྱུ་ཡིན་པ་དང་། ང་ཚོས་ཚོགས་མི་རྒྱལ་ཁབ་དང་མཉམ་ལས། དེ་བཞིན་ཚོང་ལས་དང་། འབྲེལ་མཐུད། དྲ་རྒྱའི་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཀྱི་གྲུབ་འབྲས་མང་བ་ཐོན་ཐུབ་པ་བྱས་ཏེ། ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དང་འཛམ་གླིང་ཡོངས་ཀྱི་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་འདོན་རྒྱུར་མོས་མཐུན་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་སོགས་བཤད་འདུག
འདི་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་ཐོག་ཨོ་གླིང་དང་། ཁེ་ན་ཌ། མེག་སི་ཁོ། ལྷོ་ཀོ་རི་ཡ། ཨིན་ཌོ་ནེ་ཤི་ཡ། ཐའེ་ལེན་ཌི། ཝའེ་ཐི་ནམ་བཅས་གཙོས་འཛམ་གླིང་གི་རྒྱལ་ཁབ་ ༡༢ ཀྱི་མགོ་ཁྲིད་དང་སྐུ་ཚབ་ཚོགས་ཆུང་སོགས་ཀྱིས་མཉམ་ཞུགས་བྱེད་ཀྱིན་ཡོད་ཅིང་། ད་ལན་གྱི་ཚོགས་ཆེན་དེའི་ཐོག་ཏུ་རྒྱལ་ཁབ་དེ་དག་གི་བར་རྡུལ་ཕྲན་མཚོན་ཆ་ཚོད་འཛིན་དང་། རྡུལ་ཕྲན་མཚོན་ཆ་བཀག་འགོག་གི་གྲོས་མོལ། དེ་བཞིན་ཨི་རན་དང་ཨ་རིའི་བར་གྱི་དམག་འཁྲུག་དང་། འཛམ་གླིང་གི་ཚོང་དོན་གྱི་གནས་བབ། ཨ་རི་དང་རྒྱ་ནག་བར་གྱི་ཚོང་དོན་དང་། འཕྲུལ་རིགས་ལག་རྩལ། ཚོང་དོན་མཉམ་ལས་སོགས་ཀྱི་ཐད་ལ་གླེང་སློང་། དེ་བཞིན་ཨུ་རུ་སུ་དང་ཡུ་ཁེ་རིན་གྱི་གནད་དོན་སྐོར་ལའང་གླེང་སློང་གནང་གི་ཡོད་ཀྱང་། ད་ལན་ཨ་ཡུ་གཉིས་ཀྱི་དམག་འཁྲུག་ཞི་འཇགས་དང་ཞི་བའི་གྲོས་མོལ་གང་ཡང་བྱེད་ཀྱི་མེད་སྟབས། ཡུ་ཁེ་རིན་གྱི་སྲིད་འཛིན་ཛི་ལེན་སི་ཀི་མགྲོན་འབོད་བྱས་མེད་པ་རེད།
ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་གླེང་སྟེགས་དེ་ཕྱི་ལོ་ ༢༠༢༣ ཨ་རིའི་སན་ཧྥ་རན་སི་སི་ཁོ་དང་ཕྱི་ལོ་ ༢༠༢༤ ལོར་པེ་རུ་ (Peru) ལ་འཚོགས་ཡོད་ཅིང་། འདས་ལོའི་ཚོགས་ཆེན་དེ་ཕྱི་ཟླ་ ༡༠ ཚེས་ ༣༡ དང་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་གྲངས་གཉིས་རིང་ལྷོ་ཀོ་རི་ཡའི་ཀུང་ཅུ་ (Gyeongju) གྲོང་ཁྱེར་དུ་འཚོགས་ཏེ། འཛམ་གླིང་གི་ཚོང་དོན་དང་མ་འཇོག བཅོས་མའི་རིག་ནུས། འཕྲུལ་རིགས་ལག་རྩལ། ནུས་ཤུགས་དང་གནམ་གཤིས། ཚོང་དོན་འཕེལ་རྒྱས་ཡོང་ཐབས་སོགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།




