སེམས་ཀྱི་མེ་ཏོག་གི་རི་མོ།།
དུངས་པའི་ཕྱག་ཟུང་གི་བར་ནས།།
དགའ་བའི་སྙིང་སྡུག་མར་བྲིས་དེ།།
རང་གི་སེམས་གཏམ་དག་བཤད་འདོད།།
ཆུང་ནས་འདྲིས་པ་རང་མེད་ཀྱང་།།
ལྷོད་ལྷོད་དལ་དལ་གྱི་གཤིས་ཀ།
མིག་གི་དབང་བོ་རུ་འཛུལ་དུས།།
ཡིད་ཀྱི་བརྟན་པ་རང་འཕྲོག་སོང་།།
ཚུར་དགའ་ཕར་འཐད་ཀྱི་སྣང་ཚུལ།།
འཛོམ་ནས་འཐམ་འཁྱུད་ཡང་མེད་པར།།
དབང་མེད་སེམས་བྱུང་གི་ཚོར་འདུ།།
གཅིག་རྗེས་གཉིས་མཐུད་དུ་སླེབས་སོང་།།
དང་བོ་ཞལ་རས་ཀྱི་འཛུམ་འདང་།།
བར་དུ་གཤིས་ཡག་གི་སྤྱོད་པ།།
ཐ་མར་མཛངས་ལྡན་གྱི་བུ་མོས།།
ང་རང་སྨྱོན་པ་རང་བཟོས་སོང་།།
འཇིག་རྟེན་འདོད་ཞེན་གྱི་གླིང་དུ།།
ཆགས་པའི་ཧམ་སེམས་ཀྱི་ངང་ཚུལ།།
འགོག་འདོད་ཡོད་ཙམ་གྱི་སྣང་བས།།
རང་ཚུགས་དམ་པོ་ཞིག་མ་བྱུང་།།
མཚན་མོའི་རྨི་ལམ་ཡང་འཁྲུགས་སོང་།།
ཉིན་མོའི་ལས་ཀ་ཡང་ཆོལ་སོང་།།
ནང་གི་ཤེས་རིག་གི་བུ་ལོ།།
ན་ཟུག་སྟོང་ཕྲག་དང་འཕྲད་བྱུང་།།
གཞོན་དུས་ལང་ཚོ་ཡི་གཟི་མདངས།།
མིག་གི་དཔྱིད་དུ་རང་ཡག་ན།།
རྒས་པའི་སེམས་ནང་གི་བརྩེ་སེམས།།
ངལ་བའི་སྐྱོ་རོགས་རང་ལོས་ཉན།།
འཕྲིན་པ་ཕར་སྤྲིངས་འདིས་ལན་དུ།།
ཚུར་འབྱོར་འཕྲིན་ལན་ཞིག་ཡོད་མེད།།
རེ་སྒུག་ལོ་ཟླ་ཡི་གྲངས་ཀ།
རྩིས་ཀྱི་ལོངས་པ་རང་མེད་དོ།།
འདོད་ཞེན་ལྕི་མོ་འདིས་མནར་གཅོད།།
སྐྱེ་འགྲོ་སུ་ཞིག་ལ་འཕོག་ཀྱང་།།
ལྡོག་མེད་ན་ཟུག་གི་འཁུན་སྒྲ།།
ཤོར་མཁན་སྐར་ཚོགས་ལས་མང་སྐད།།
སེམས་པ་ཤོར་ས་ཞིག་ཡོད་ན༎
མགོ་འབུལ་ལུས་འབུལ་རང་བྱོས་ཤིག།
ཡིད་འོང་ན་ཆུང་གི་མེ་ཏོག།
ཐེངས་གཅིག་སྤྱོད་འདོད་ཀྱིས་མི་ཆོག།
ལོ་སྒུག་ཟླ་སྒུག་གི་འཕྲིན་ལན༎
ཉིན་མོའི་རྨི་ལམ་དུ་ཀློག་དུས༎
ཕར་དགའ་ཚུར་དུང་གི་ཚོར་བ༎
ཆུ་ནང་ཟླ་གཟུགས་དང་འདྲ་འམ༎
གསལ་རིག་སེམས་པ་ཡི་བུ་ཆུང༌༎
དུང་བའི་ན་ཟུག་ལ་སྐྱོན་པ༎
མཛེས་མའི་ཟུར་མིག་གིས་ལན་ནམ༎
སེམས་པ་ཐུར་མེད་དེས་ལན་སོང༌༎