་་་་་་་་མུན་པའི་ནང་གི་སྐད།
རི་བོ་འགུལ་བའི་སྒྲ་ཡང་མ་ཐོས་ཤིང་།།
རྒྱ་མཚོ་འཕྱོ་བའི་རླབས་ཀྱང་མ་གོ་བར།།
གྲགས་པའི་བ་དན་སེམས་ཀྱི་མཁར་སོ་ན།།
མུན་པའི་དར་ལྕོག་རླུང་གི་ཁ་ན་འདར།།
སེམས་ཀྱི་ཤེས་པ་དམན་པའི་གླུ་དབྱངས་ཤིག།
འདྲིས་པའི་སྙིང་དང་ཚོར་བའི་འབྱིན་སྟངས་དེས།།
རྨོངས་པའི་ལྟ་བ་ཟིན་པའི་བར་དོ་རུ།།
འགོང་བོའི་རོ་ཚོགས་གཏམ་གྱི་མུ་གེ་བྱུང་།།
རྒས་པའི་གཉེར་མ་ཐོད་དུ་འཕྱངས་པ་དང་།།
འཆི་བའི་རྨི་ལམ་སྔ་དགོང་ཡོད་ཚད་དུ།།
ལྟས་ངན་སྣ་དགུའི་ངན་ལ་གོམ་ཉིན་ནས།།
བཟི་བོའི་སྐྱུར་ཁ་རང་གི་དགྲ་རུ་བླངས།།
བསླུ་བའི་རྟེན་འབྲེལ་མགོ་གཞུག་བསྒྱུར་མཁན་ཞིག།
དྲང་བའི་མདའ་ལ་མེ་ཏོག་སྙི་མོའི་གཟུགས།།
འགྲིམ་འགྲུལ་ཟིན་ཐོའི་གླེག་བམ་བྲིས་པ་ནས།།
ཤི་བའི་བརྡ་ཆབ་རི་མོའི་ཚུལ་དུ་བསྐྲུན།།
སྲིན་པོ་ཟེར་བའི་མིང་ཚིག་འཇིགས་རུང་འདོད།།
མི་རིགས་ཟེར་ནས་རང་གཤིས་ཚ་བ་ཞིག།
དབྱེ་འབྱེད་ཆེ་བའི་བསམ་བློ་རུལ་བ་ཡིས།།
བརྩེ་བའི་རྨང་གཞི་སྒྱུ་མའི་ཁ་ཟས་གྱུར།།
སྔོན་མོའི་བརྡ་ཁྱབ་དཀར་ནག་བར་ན་འཁྱུགས།།
ཁྲག་གི་རི་མོ་འདུ་བའི་རྩ་ན་ལྡིང་།།
ཞེ་སྡང་སྟག་གི་ཁ་ཕོ་ཁོག་ན་འབུས།།
རིགས་ཞེན་སྟོང་གི་དར་འཐག་འདི་ལ་བརྒྱུས།།
༢༦།༤།༠༩