རྒྱ་ནག་གཞུང་གིས་བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཞིག་བྱེད་པར་རིམ་པ་མཐའ་དག་ཏུ་དམར་ཤོག་ཚོགས་པར་བློ་དཀར་བའི་དམ་བཅའ་འཇོག་དགོས་པའི་ཆ་རྐྱེན་བཟོ་བཞིན་ཡོད་འདུག

ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤི་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གིས་བཏོན་པའི་《ཆོས་ཀྱི་རྒྱུད་འཛིན་ནས་དམར་ཤོག་ཚོགས་པའི་ལམ་སྟོན་བར། བོད་ཀྱི་དད་མོས་བསྐྱར་བཟོ།》ཞེས་པའི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་དད་ལྡན་མི་སྐྱ་ནས་གྲྭ་བཙུན་དང་། དགེ་རྒན། ཡང་སྲིད་བཅས་ཀྱི་བར་དུ་བོད་བརྒྱུད་ནང་བསྟན་ལ་དད་མོས། གསན་བསམ། དེ་བཞིན་དར་སྤེལ་གཏོང་བའི་རིམ་པ་མཐའ་དག་ཏུ་དམར་ཤོག་ཚོགས་པར་བློ་དཀར་བའི་དམ་བཅའ་འཇོག་དགོས་པའི་ཆ་རྐྱེན་བཟོ་བཞིན་ཡོད་པའི་སྐོར་བཀོད་འདུག དེའི་ནང་པེ་ཅིན་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དགེ་སློབ་ཀྱི་རྨང་གཞི་དེ་དམར་ཤོག་ཚོགས་པའི་དབང་སྒྱུར་གྱི་སྒྲོམ་གཞི་ཞིག་གིས་ཚབ་བྱེད་བཞིན་ཡོད་པ་དང་། འདི་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་རྗེས་སུ་བོད་ལ་དབང་སྒྱུར་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག
སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོར་གཏན་འབེབས་བྱས་པའི་སྒྲིག་གཞི་ཁག་གི་སྐོར་འཁོད་ཡོད་པ་ལྟར་ན། ༡། ཕྱི་ལོ་ ༢༠༢༥ ཟླ་ ༡༢ པར་རྒྱ་ནག་གཞུང་གིས་བཙུགས་པའི་རྒྱལ་གཉེར་ནང་བསྟན་མཐུན་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྤྱོད་ལམ་གྱི་ཚད་གཞི་ལྟར། དད་ལྡན་མི་སྐྱ་ཚོས་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་དགོས་པ། ༢། དགོན་པ་དང་བཙུན་དགོན་ཁག་ཏུ་འཛུལ་ཞུགས་བྱེད་མཁན་ཚོ་ལོ་ན་ ༡༨ ཡན་དང་། རྒྱལ་གཅེས་པ་ཞིག་ཡིན་དགོས་པ། ས་གནས་ཆོས་ལུགས་ལས་དོན་ལྷན་ཁང་གི་ཆོག་མཆན་ཐོབ་དགོས་པ། དགོན་པ་རེ་རེར་ཆོས་ཞུགས་པའི་གྲངས་ཚད་ཀྱི་ཚད་བཀག་ཡོད་པ། ༣། ཆོས་ལུགས་ཀྱི་དགེ་རྒན་ཚོས་ཆབ་སྲིད་ཀྱི་ལག་འཁྱེར་ལེན་དགོས་པ་དང་། ལོ་ལྔ་རེའི་མཚམས་སུ་བསྐྱར་བཟོ་བྱེད་དགོས། ༤། ཕྱི་ལོ་ ༢༠༢༦ ཟླ་ ༥ པ་ནས་ལག་བསྟར་བྱེད་བཞིན་པའི་སྒྲིག་གཞི་ལྟར། རྒྱ་ནག་རྒྱལ་ཁབ་ཆོས་ལུགས་ལས་དོན་ལྷན་ཁང་གིས་དགོན་པའི་ཡིག་ཆ་ཁག་ལ་ལྟ་རྟོག་བྱེད་དགོས་པ་དང་། དམར་ཤོག་གཞུང་གི་ཆབ་སྲིད་ལངས་ཕྱོགས་ལ་བློ་དཀར་བའི་དམ་བཅའ་དེ་ཆ་རྐྱེན་དང་པོར་བཀོད་ཡོད་པ་རེད་འདུག
སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་ ༢༠༢༦ ཟླ་ ༢ པར་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར། མ་དགོན་དང་བུ་དགོན་བར་གྱི་སྲོལ་རྒྱུན་གྱི་འབྲེལ་ལམ་བཀག་སྡོམ་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་གྱི་ལོ་ལྔའི་འཆར་གཞིའི་ནང་། “རྒྱལ་ནང་ནས་འཚོལ་བ་དང་། གསེར་བུམ་དཀྲུག་འདོན། དབུས་གཞུང་གི་ཆོག་མཆན་” བཅས་ལ་བརྟེན་ནས་ཡང་སྲིད་གལ་ཆེན་ཁག་ངོས་འཛིན་བྱེད་དགོས་པའི་སྐུལ་འདེད་གཏོང་རྒྱུ་ཡིན་པར་འཁོད་ཡོད།
དེ་བཞིན་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༢༦ ཟླ་ ༩ པར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆོས་ལུགས་སྤེལ་ཕྱོགས་སྐོར་ལ་བཏོན་པའི་ཞིབ་འཇུག་སྙན་ཐོ་དེ་གླེང་སློང་བྱས་ཡོད། སྙན་ཐོ་དེའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་བོད་ཀྱི་གནད་དོན་དེ་ཡལ་འགྲོ་རྒྱུ་ཡིན་པའི་ལྟ་ཚུལ་དང་། དེ་བཞིན་དེ་མ་ཐག་ཏུ་ཟིང་ཆ་སློང་རྒྱུ་ཡིན་པའི་ལྟ་ཚུལ་གཉིས་ཀ་ཁས་ལེན་བྱས་མེད་པར། དེའི་ཚབ་ཏུ་ཁོང་གི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་དབང་ཚད་འགྲན་རྩོད་ཅིག་ཏུ་འགྱུར་སྲིད་པ་དང་། དེ་ཡང་དུས་ཡུན་རིང་པོར་གནས་སྲིད་པའི་ཉེན་བརྡ་བཏང་ཡོད།
མདོར་བསྡུས་ན། བོད་ནང་གི་“ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོ་”ཞེས་པ་དེ་ད་ལྟ་ཆོས་ལུགས་ཀྱི་བྱེད་སྒོ་ག་རེ་ཡིན་ཡང་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་བརྩི་སྲུང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་པ་རེད་འདུག་ཅེས་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་འགན་འཛིན་ཝོལ་ཀར་ ཊུར་ཀ་ (Volker Türk) མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ ཉིན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གནང་བའི་གསུང་བཤད་དེ། ངས་སྲིད་བྱུས་འདི་དག་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་པ་དྲངས་ནས་མཇུག་བསྡུས་འདུག

![The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]](https://tibettimes.net/wp-content/uploads/2025/05/Screen-Shot-2025-05-09-at-3.37.35-PM-360x180.png)
