ཕྱི་ དྲོ་ང་རང་ཁོ་མོ་དང་འགྲོག་ནས་བདུན་ཕྲག་གཅིག་དཔེ་དེབ་འགྲེམ་སྤེལ་གྱི་བདུན་ ཕྲག་ཏུ་འབོད་བཞིན་འདུག་པ་དེར་ཁོ་མོས་རེ་འདོད་ལྟར་ངེད་གཉིས་དེ་རུ་དེབ་ཁྲི་ སྟོང་མང་བོ་ཞིག་འགྲེམ་ཚོང་བྱེད་བཞིན་པ་དེ་རུ་བལྟ་རུ་སོང་བ་ཡིན།
ངེད་ གཉིས་དེ་རུ་སླེབས་དུས་དཔེ་མཛོད་ཁང་དེའི་ཕྱི་རུ་དཔེ་མཛོད་ཁང་དེའི་དེབ་རྙིང་ བའི་རིགས་ལ་སྒོར་ལྔ་རེ་བྱས་དེ་བཙོང་བཞིན་འདུག་ལ། དཔེ་མཛོད་ཁང་དེའི་ནང་དུ་དེབ་གསར་བ་ཁྲི་སྟོང་མང་བོ་ཞིག་ལ་ཉོ་མཁན་དང་ལྟ་མཁན་ ཆེས་མང་བོ་ཞིག་སླེབས་འདུག དེ་དག་གི་ཁྲོད་དུ་བྱིས་པ་ལོ་ཆུང་ཡང་ཕ་མ་ཚོས་ཁྲིད་དེ་སླེབས་འདུག་པ་དང་། དེབ་ཀྱང་འཛམ་གླིང་གི་གྲགས་ཆེན་སྒྲུང་དེབ་ཆེས་མང་བོ་ཞིག་ཁོང་ཚོའི་སྐད་ཡིག་ ནང་དུ་བསྒྱུར་ཡོད་པ་རྐྱང་རྐྱང་རེད་འདུག་པ་མ་ཟད། ལོ་ཆུང་བྱིས་པ་དག་གི་ཆེད་དུ་ཡང་བྱིས་སྒྲུང་ཡང་ཧ་ལས་པའི་མང་བོ་ཞིག་འདུག་པ་ དེ་དག་ནི་གཞན་སྐད་ནས་ཁོང་ཚོའི་སྐད་ནང་དུ་བསྒྱུར་བ་རྐྱང་རྐྱང་མིན་ན་ཡང་། མང་ཤོས་ནི་གཞན་གྱི་སྐད་ཡིག་ལས་ནང་སྒྱུར་བྱས་པ་ཤ་སྟག་རེད་འདུག་པ་མ་ཟད། ཁོང་ཚོས་མི་རིགས་ཀྱི་རྩོམ་པ་པོ་དག་གིས་བྲིས་པ་ཡང་མི་ཉུང་བ་ཞིག་འདུག གལ་ཏེ། དེབ་གསར་བ་ཉོ་མཁན་ཞིག་ཡིན་ན་ནི། དེབ་གསུམ་ཉོས་པ་ཡིན་ན་བཞི་རིན་མེད་དུ་སྤྲོད་ཀྱི་འདུག དེ་ཡང་ཚོང་འགྲེམ་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད་ལ། ཀློག་མཁན་དང་ཚོང་སྒྱུར་བྱེད་མཁན་ཚང་ལ་སྟབས་བདེ་བཟོས་པ་ཞིག་ལོས་ཡིན། ལྷག་པར་ཏུ། རྒྱལ་ཁབ་འདྲ་མིན་གྱི་སྐད་ཡིག་ནས་ཁོང་ཚོའི་མི་རིགས་ཀྱི་སྐད་ནང་དུ་སྒྱུར་ བའི་་དེབ་ཁྲི་སྟོང་མང་བོ་ཞིག་འགྲེམ་ཚོང་བྱེད་པ་མཐོང་དུས། ངས་ཁོ་མོ་ལ་ཁྱེད་རང་དངོས་ནས་ལས་ཅན་རེད། དེ་རིང་འདི་ནས་དེབ་གང་ཞིག་ཉོ་འདོད་ཡོད་ན་ཉོས་ན་འགྲིག་གི་རེད། གལ་ཏེ་དེ་རིང་དེབ་འདི་དག་ང་རང་གི་སྐད་ཡིག་ནང་དུ་ཡོད་ན་ང་དངོས་ནས་ཧ་ལས་པའི་ དགའ་ས་རེད་ལ། ངས་དེབ་མི་ཉུང་བ་ཞིག་འདི་ནས་ཉོ་ས་རེད་ཅེས་བཤད་དུས། ཁོ་མོས་ཁྱེད་རང་གིས་དབྱིན་ཡིག་གི་སྒྲུང་གཏམ་ཉོས་དེ་ཀློག་ན་འགྲིག་གི་རེད། འདི་ནས་ཁྱེད་རང་གི་སྐད་ཡིག་སྟེང་གི་སྒྲུང་གཏམ་དང་དེབ་གསར་བ་མི་རེག་ཀྱང་། དབྱིན་ཡིག་གི་སྒྲུང་གཏམ་ཀློག་ན་ཁྱེད་རང་གི་དབྱིན་ཡིག་གི་ཤེས་ཚད་ཀྱང་གོང་ འཐོར་འགྲོ་བ་མ་ཟད། སྐད་ཆ་བཤད་དུས་ཀྱང་དཀའ་ངལ་འཕྲད་ཀི་མ་རེད་ཟེར་ནས་ལན་བཏབ་དུས། ངས་རེད་རེད་ཟེར་ཞོར་ཏུ་དེབ་དེ་དག་གི་རྒྱབ་ཤོག་ལ་བལྟས་དེ་མིག་གི་ལོང་སྤྱོད་ ཙམ་བྱེད་རྒྱུ་ལས་ང་རང་གིས་ཀློག་ཐུབ་ཀྱི་མེད་པ་ནི་རང་གིས་ཤེས་གསལ་རེད་སྙམ་ ཞོར་ཏུ། ཉིན་ཞིག་བོད་པ་ཚང་གིས་ཀྱང་རང་གི་སྐད་ཡིག་གི་རིན་གོང་ཚད་འདི་འདྲ་ཞིག་སླེབས་ དུས་ནམ་ཡིན་ན་སྙམ་ཞོར་སེམས་ལ་སྐྱོ་བ་ཞིག་སྐྱེ་བཞིན་ཁོ་མོས་ཉོས་པའི་དེབ་དེ་ དག་འཁུར་ནས་ཕྱིར་རང་གི་སར་ལོག དེ་རིང་གི་དཔེ་མཛོད་ཁང་དེའི་ནང་གི་བྱིས་སྒྲུང་དེ་དག་བོད་ཡིག་གི་སྟེང་དུ་ ཡོད་ན་ཅི་མ་རུང་། དེ་རིང་གི་དེབ་དེ་དག་བོད་ཡིག་གི་དེབ་རྐྱང་རྐྱང་ཡིན་ན་ཅི་མ་རུང་། དེ་རིང་གི་དེབ་ཉོ་མཁན་གྱི་མི་དེ་དག་གི་ཕ་མ་དང་བུ་ཕྲུག་དེ་ཚོ་ཡང་བོད་པ་ཡིན་ ན་ཅི་མ་རུང་། དེ་རིང་གི་དེབ་དེ་དག་གི་རྩོམ་པ་པོ་ཡང་བོད་པ་ཡིན་ན་་་་
དེ་ འདྲའི་སྟོང་འདང་མང་བོ་ཞིག་རྒྱག་ཞོར་ཏུ་ལས་ཀ་བྱེད་དུ་ལམ་ལ་འབུད། ཉིན་མ་རི་རྩེ་ནས་ནུབ་དེ་འགྲོ་བཞིན་འདུག་ལ། རྒྱ་མཚོའི་འགྲམ་ཏུ་མི་མང་བོ་ལས་ཀ་གྲོལ་ནས་ངལ་གསོ་བྱེད་དུ་འགྲོ་བཞིན་འདུག ང་རང་གིས་དེ་དག་ལ་ལྟ་ཞོར་ཏུ་རང་གིས་ལས་ཀ་བྱེད་སའི་ཕྱོགས་སུ་བྱིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།