བྱིས་པའི་གོམ་འགྲོས་ལྟ་བུའི་བརྩེ་དུང་།
མི་སུ་ཞིག་ཕར་ལ་དགའ་དུས་སུ། དང་བོ་ནི་གླེན་པ་དང་ལྐུགས་པ་ལྟ་བུ་ཞིག་ཡིན་ཟེར་བ་ལྟར། ཉིན་མཚན་ཀུན་དུ་དྲན་རྒྱུ་དང་བསམ་རྒྱུ་དེ་ལས་མེད་པ་ལྟ་བུའི་ངང་ཚུལ་ཞིག་བྱུང་ནས། དེ་ལ་བརྟེན་ནས་སྐད་ཆ་བཤད་ཚུལ་དང་དྲན་ཚུལ་ཚང་མ་ནི། མི་དེ་ཕར་དགའ་སའི་ཡུལ་དེ་ཁོ་ན་ཆགས་ཀྱི་ཡོད། དེ་དུས་ཀྱི་སྐད་ཆ་དག་ནི་གློ་བུར་བ་དང་ཐོལ་བྱུང་། སྣང་ཚུལ་རབ་རིབ། ཁ་ནས་ཐོན་ཚུལ་དུ་ང་རང་ཁྱེད་ལ་དགའ། ངས་ཁྱེད་རང་དྲན། ང་ཁྱེད་རང་མ་གཏོགས་མི་དགོས། དེ་ལྟར་མ་བྱུང་ན་ངའི་ལོ་ཟླ་ལ་སྙིང་བོ་མི་འདུག དེ་ལས་སྐྱེ་བ་འདི་ནས་ཤི་ན་རེད། ཁྱེད་མ་ཐོབ་ཚེ་ང་རང་ཤི་རྒྱུ་ཡིན། འདི་དག་ནི་ངའི་རང་ཉིད་ཀྱི་རྒྱུད་ལམ་ཁྲོད་ནས་བྱུང་ཟིན་པའི་ལེའུ་དེ་དག་ལ་ཕྱིར་འདང་ཞིག་བརྒྱབས་དུས། དེ་ལ་ངས་བྱིས་པའི་གོམ་འགྲོས་ལྟ་བུའི་བརྩེ་དུང་བཏགས་པ་ཡིན།
དབང་རྩ་ཧམ་བྱེད་ཀྱི་བསླུས་པའི་བརྩེ་དུང་།
ཁྱེད་རང་ནི་ངའི་གནམ་ཁ་དང་ས་གཞི་ཡིན། ཁྱེད་རང་མེད་ན་ང་ལ་བདེ་སྐྱིད་མེད། ཁྱིམ་གཞི་མེད། ཁྱེད་རང་ང་ལ་ཐོབ་དགོས། ངའི་བརྩེ་དུང་གཙང་མ་ཡིན། ཁྱེད་ཀྱི་ང་ལ་ཡ་ལན་མ་བྱས་པ་ཡིན་ན་ངས་གང་ཡང་བྱེད་སྲིད་པ་ཡིན། འཇིགས་སྐུལ་ལྟ་བུའི་ཚོར་བ་ཡོད་དུས་ཀྱི་སྐད་ཆ་དེ་དག་ནི་དབང་རྩ་ཧམ་བྱེད་ཀྱི་བསླུས་པའི་བརྩེ་དུང་ཞེས་ངས་ཞིབ་མོའི་བློ་ཡིས་ཐག་གཅོད་བྱས་པ་ཡིན།
བརྩེ་དུང་གི་མངར་སྐྱུར་བརྗོད་པ།
ཁྱེད་རང་དྲན་ཐེངས་རེར། ང་ལ་རྨི་ལམ་མང་བོ་ཡོད། དཔེར་ན་སྲང་བར་དུ་འགྲོ་བཞིན་པའི་གཞོན་ནུ་ཟུང་དེ། འུ་གཉིས་ཡིན་ན་འདོད། ཁོ་བོས་འཛུམ་མདངས་ཀྱི་བཀང་བའི་བཞིན་རས་སུ། ལྷད་མེད་ཀྱི་དགོད་སྒྲ་འཁྱིལ་མཁན་དེ་ནི་ང་རང་ཡིན་ན་བསམ། ཚུར་ཁོ་བོའི་མཆན་ཁོང་དུ་དམ་པོར་འཁྱིད་མཁན་གྱི་བུ་མོ་དེ་ཁྱེད་ཡིན་ན་བསམ། སྐད་ཆ་འདིའི་རིགས་ལ་ངས་བརྩེ་དུང་གི་མངར་སྐྱུར་བརྗོད་པ་ཞེས་གླེང་བ་ཡིན། སྐད་ཆ་འདིའི་རིགས་ཀྱི་ཕན་ཚུན་ལ་མངར་སྐྱུར་གྱི་ཚོར་བ་གང་མང་འདྲེན་པ་ལས་དོན་དངོས་ཀྱི་ལྗིད་ཁོག་མེད།
གོ་རིམ་ལྡན་པའི་བརྩེ་དུང་།
ཆུང་དུས་ནས་འདྲིས་པ་ཡིན་ན་རབ། ཡང་ན། ལོ་མང་ཞིབ་འདྲིས་ཡོད་ན་འགྲིག མིན་ན་ཕན་ཚུན་ལ་རྒྱུས་མངའ་གང་ཙམ་ལོན་དགོས། དེ་ཡི་རྗེས་སུ་སྐད་ཆ་གང་བཤད་པ་དག་གོ་རིམ་ལྡན་ལ། ནང་དོན་ཡོད། རྒྱུ་མཚན་ལྡན་པ་ཡིན། དེ་དུས་བཤད་པའི་ང་རང་ཁྱེད་ལ་དགའ་ཟེར་བ་ནི། དོན་དངོས་ཀྱི་གོ་རིམ་ལྡན་པའི་བརྩེ་དུང་ཞེས་བོས་ན་འགྲིག བརྩེ་དུང་འདིའི་རིགས་ནི་བརྟན་པོ་ཡིན། ཀུ་ཡངས་ལ་རང་དབང་ཡོད།
བརྩེ་དུང་ལ་ས་མཚམས་མེད།
མཚམས་རེར་སྨྱོན་པ་ཆགས་ངེས། རང་ཤི་རྒྱགས་སྲིད། འཇིག་རྟེན་ལ་སྙིང་བོ་མེད་པ་མཐོང་སྲིད། དེ་དག་ནི་ཧོལ་རྒྱུགས་ཀྱི་ལས་དབང་དེ། ས་མཚམས་མེད་པའི་བརྩེ་དུང་ཡིན། འདིའི་རིགས་ནི་ཧ་ཅང་ཉེན་ཁ་ཆེ། འདིའི་རིགས་ཀྱི་མིའི་རིགས་ལ་སེམས་སྡུག་ཐོལ་བ་སྤྲོད་པ་དང་། ཤུལ་བཞག་ཡ་ང་བ་ཡིན། སྐབས་རེར་ཚེ་སྲོག་གི་བདེན་དབུང་བྱེད་དགོས་ས་ཐུག་མི་སྲིད་པ་མིན། དེ་ནི་བརྩེ་དུང་འཚོལ་མཁན་དག་གི་བརྩེ་དུང་དང་ལེན་བྱེད་ཕྱོགས་ཀྱི་ཐབས་ལམ་ཞིག་གཏན་ནས་མིན། དེ་ནི་སྒེར་སེམས་ཀྱི་ཧམ་བྱེད་ཁོ་ན་ཆགས་ཡོད།
ང་ཚོ་ཀུན་ལ་འཁོ་བའི་བརྩེ་དུང་།
བསམ་ཤེས་དང་ཀུ་ཡངས། ངང་རྒྱུད་རིང་བ་བཅས་ལ་བརྟེན་ནས་ང་ཚོ་ལ་བརྩེ་དུང་ཐོབ་ངེས་ཡིན། གལ་སྲིད་རང་ཉིད་སུ་ཞིག་ལ་སེམས་པ་ཤོར་བ་ཡིན་ན། དེ་ཡི་ཆེད་དུ་སྐད་ཆ་སྙན་པོ་བཤད་ཤེས་པ་དེ་ཙམ་གྱིས་གཏན་ནས་འགྲིག་གི་མེད། དེ་ཡི་ཆེད་དུ་རང་ཉིད་ཀྱིས་གང་ཞིག་བྱེད་ཐུབ་པ་དང་དེ་དང་ལྷན་དུ་མི་ཚེ་ཡི་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པའི་སེམས་ནང་དུ་གདེང་ཚོད་ཡོད་དགོས་པ་ཡིན་ལ། དགའ་ས་དེ་ཡི་སེམས་ལ་འཕོག་པའི་སྐད་ཆའི་རིགས་ནམ་ཡང་མི་བཤད་པའི་དམ་བཅའ་རང་ཉིད་ཀྱི་རང་ལ་སྔ་མོ་འཇོག་ཐུབ་དགོས། ད་གཟོད། བྱ་བ་གང་ཞིག་ནས་འགོ་བཙུགས་ན་རེད། སྐད་ཆ་གང་ཞིག་ནས་འགོ་བརྩམས་ན་རེད། ཁྱེད་ཀྱི་བཤད་སྲིད་པའི་སྐད་ཆ་ཚང་མ་ལ་འགན་འཁུར་ཡོད་ལ། འགན་འཁུར་བའི་སྐད་ཆའི་ཚིག་འབྲི་རེ་རེ་ཡིས། རང་ཉིད་ཀྱི་སེམས་པ་ཤོར་སའི་མི་དེ་ཡི་སེམས་ལ་འཕོག་ཐུག་གཏན་ནས་བཟོ་མི་སྲིད། ད་གཟོད། ཕར་ཕྱོགས་ནས་ཁྱེད་ལ་ཁས་ལེན་མ་བྱས་པ་ཡིན། ཕར་ཕྱོགས་དེར་གོ་སྐབས་སྤྲོད་དགོས་ལ། བསམ་བློ་གཏོང་བའི་དུས་ཚོད་ཀྱང་ག་ཚོད་དགོས་མིན་འདྲི་དགོས། འདི་དག་ནི་འུ་ཅག་གིས་ཕན་ཚུན་ལ་བསམ་ཤེས་ཀྱི་གོ་རིམ་ཡིན་ལ། མི་ཞིག་གི་མི་ཚེ་ནང་མེད་དུ་མི་རུང་བའི་བརྩེ་དུང་ཟེར་བའི་མཆིང་བྱེད་ཐོབ་ཆེད་ཡིན། གལ་སྲིད། དགའ་ས་དེ་ཡི་ཕྱོགས་ནས་ངེས་ལེན་མ་བྱས་པ་ཡིན་ན། དེ་ལ་ཀུ་ཡངས་དང་བསམ་ཤེས་གནང་དེ་ཁ་ཕྱིར་འཁོར་བའི་ཐབས་ལམ་ནི། མི་ཚེ་ནི་ཀྱག་ཀྱོག་ཡིན་ལ། ཀྱག་ཀྱོག་གི་རྒྱུད་རིམ་ནི་འདི་འདྲ་མ་ཡིན་ན་ཅི་ཡིན་སྙམ་ནས་རང་སེམས་གཅུན་ཐུབ་པ་བྱེད་དགོས། དྲང་མོ་བཤད་ན། ཕར་ཕྱོགས་ལ་ལན་པ་མེད་པ་དེ་ཡང་ཤེས་དགོས། རྒྱུ་མཚན་ནི་སྐད་ཆ་ཐོག་མ་གླེང་མཁན་ནི་རང་ཉིད་ཡིན་དུས། མཇུག་འབྲས་ཀྱི་འབྲས་པུ་ཡག་སྡུག་གང་ཡིན་རང་གིས་ལོས་འཁུར་བསམ་ཐུབ་དགོས། ད་གཟོད་ཕན་ཚུན་གྱི་འགྲོ་ལམ་བདེ་ལ། བརྩེ་དུང་གི་གྲོང་ཚོ་ཉུལ་སྟངས་ཆགས་ཡོད།
བརྩེ་དུང་ལ་ཞུགས་པའི་མི་དག་ལ་འབོད་སྐུལ།
ང་ཚོ་མི་སུ་ཞིག་ལ་དགའ་མིན་དེ་ནི་རང་ལག་དུ་ཡོད་པ་ཞིག་མིན་དུས། དུས་ཚོད་དང་སྐར་མ། ཡང་ན་སྐར་ཆ་གང་ནས་འགོ་བརྩམས་མིན་དེ་གཏན་ནས་ང་ཚོས་མི་ཤེས། དེ་ཡང་བུ་དང་བུ་མོ་སུ་ཞིག་ཡིན་ན་འགྲིག ང་ཚོ་རང་ཉིད་ཆེས་དགའ་སའམ། སེམས་པ་ཤོར་སའི་མི་དེ་གང་ནས་བྱུང་མིན་ཡང་དེ་ལས་བཤད་ཚོད་མི་ཐུག གང་ལྟར། མི་དེ་འདྲ་ཞིག་དང་འཕྲད་ཉིན་གཙོ་བོ་མི་དེ་ཡི་ཆེད་དུ་ཁོའི་བྱ་བ་ཚང་མ་ལ་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། མི་དེ་ཡི་སྐད་ཆ་དག་ལ་དང་ལེན་བྱེད་དགོས། ད་གཟོད་རང་ཉིད་མི་ཞིག་ལ་སེམས་པ་ཤོར་བའི་བདེན་དཔུང་ཡིན་ལ། དགའ་ས་དེ་ཡི་ཆེད་དུ་གང་བྱེད་ཐུབ་པ་དེ་ཡི་སྔོན་འགྲོ་ཡང་ཆགས་ཡོད། ལྷག་པར་དུ་དགའ་ས་དེ་མ་ཐོབ་ན་མི་ཚེ་སྙིང་བོ་མེད་པར་འདོད་ནས་རང་ཤི་རྒྱགས་པའི་བསམ་བློ་དང་། དེ་ལས་གཞན་གང་ཡང་མེད་པའི་སྣང་བ་སོགས་སྐྱེ་དུས་སུ། གཟབ་གཟབ་ཀྱིས་འཇིག་རྟེན་གྱི་ས་གཞི་དང་ཁོར་ཡུག རང་བྱུང་ཁམས་ཆེན་མོ་བཅས་ཀྱི་མངའ་ཐང་ནི། མི་གཅིག་གི་བརྩེ་དུང་ལས་ཆེ་བ་ཤེས་པར་གྱིས་ཤིག མཐའ་དོན་རང་ཤི་རྒྱགས་པ་ནི་དགའ་ས་དེ་ཡི་བདེ་སྐྱིད་ཆེད་དུ་མིན་ལ། རང་ཉིད་ཀྱི་ཧམ་སེམས་ཀྱི་བརྩེ་དུང་དེ་ཡི་ཆེད་ཁོ་ན་ཡིན་ཞེས་མཇུག་བསྡུས་པ་ཡིན།
ངོ་མ་ཡིན་ཏེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྤྱིར་ཕོ་མོའི་བར་གྱི་བརྩེ་གདུང་ཞེས་པའི་ཐ་སྙད་དེ་ངེད་ཚོའི་རྣ་ལམ་དུ་ཐོས་པ་དང་མིག་ལམ་དུ་སྣང་སྐབས་སུ་སྐྱིད་པོ་ཡོད་པ་ལྟར་སྣང་ཡང་ལག་ལེན་དངོས་སུ་བསྟར་དུས་ཤིན་ཏུ་ནས་ཁག་པོ་ཡོད་པ་རེད་་་་་་་་་་་་་་་་་་་་་་་་་་་་་་་་དེ་ཡང་དེང་སང་གི་དུས་ཚོད་དེར་བརྩེ་གདུང་སླད་དུ་སྨྱོན་པ་ཆགས་མཁན་ཡོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེར་བརྟེན་་་བརྩེ་གདུང་ལ་ཡིད་ཞེ་དྲག་བྱེད་མི་ཉན་ནོ།
གྲོགས་པོ་ཁྱེད་ཀྱིས་ཁོའི་རྒན་མོ་དམིགས་སུ་བཀར་ཏེ་ངས་འབྲི་བཞིན་ཡོད་ཟེར་དོན་ཅི་ཡིན།སྒྲུང་དེ་ཁོའི་རྒན་མོ་ལ་འབྲེལ་ཅི་ཡོད།ཡང་ན་ཁོ་ལ་ཀྱག་ཀྱག་མིན་ནམ།
བདེན་ནི་རེད། གྲོགས་པོ་ཞིག་་གི་རེ་སྐུལ་དུ་བྲིས་པ་ཡིན། ངོ་མ་ལྡོག་ཙམ་ཞིག་དང་དུས་ཚོད་ཀྱི་བར་གསེང་ནས་བྲེལ་འཚབ་ངང་དུ་བྲིས་པ་ཡིན། ཞི་མོ་བདེ་མོ་རེད། སྒྲུང་མཇུག་ག་ལེར་འབྲི་བཞིན་ཡོད། དེ་ནས་ག་ལེར་དྲ་ཐོག་དུ་འཇོག་ཡ་་་ཁྱེད་བཟའ་མི་གཉིས་ཀ་བདེ་མོ་ཡིན་ན། རྒན་མོ་ལ་ངས་འདྲི་བཞིན་འདུག་ཟེར་ནས་ཞུ་རོགས།
ཁྱོད་ཀྱི་བསམ་ཚུལ་ལམ་རྩོམ་བཀླགས་ཡོད། སྤྱིར་བཏང་བརྩེ་དུང་ལ་ལམ་སྟོན་བྱེད་རྒྱུ་དང་གོ་རིམ་བསྒྲིགས་རྒྱུ་འདྲ་བོ་ཡོད་པ་ཧ་གོ་མ་སོང་། ཡིན་ན་ཡང་འདིའི་ཕྱོགས་ལ་ཁྱོད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པར་ཡིད་ཆེས་ཡོད། ཉིན་ཁ་ཤས་ཤིག་གི་སྔོན་ལ་འབྲི་བཞིན་པའི་སྒྲུང་འདྲ་བོ་དེ་ག་རེ་བྱུང་སོང་། ཞི་མོ་བདེ་མོ་ཡིན་ནམ། དེ་ཙམ་བྱ།