གོ་ཐོས་སུ མེ་དམར་པོ་ཞིག་རྔ་ཡུལ་ན་འདུག་ཟེར
གོ་ཐོས་སུ ཚ་ཞིང་བསྲེག་པའི་ཉེས་པ་ཞིག་འདུག་ཟེར
མུན་པ་ལྟ་བའི་སྐད་ཆ་དེས ང་ལ་གཟེར་ཞིག་བརྒྱབས
ན་ཟུག་ལྷག་མ་ཞིག་འཁུར་ནས་ལས་ཀར་སོང་
ལས་རོགས་ཚོ་ལ་དེ་ཡི་ཐད་དུ་ཚོར་བ་གང་ཡང་མེད
གང་ནས་ཡོད ཁོང་ཚོས་ངའི་སྐྱིད་སྡུག་གང་ནས་ཤེས
ཐ་ན ང་གང་ནས་འོང་བའི་འགྲོ་བ་ཞིག་ཡིན་པའང་ཁོང་ཚོར་གསལ་བོ་མེད
གོ་ཐོས་སུ ངའི་རིགས་མཐུན་ཚོ ཧ་ཅང་གྲང་གི་འདུག་ཟེར
གོ་ཐོས་སུ རི་བོ་ཞིག་གི་ཕར་ཚུར་ན ངུ་འབོད་ཀྱི་དབྱངས་རྟ་ཞིག་འདུག་ཟེར
ང་རང་དེ་དག་གི་ཁྲོད་ནས་ལས་ཀར་སོང་
ལས་ཀ་ན་ང་ལ་སེམས་གསོ་གཏོང་མཁན་གྱི་ལས་རོགས་གཅིག་ཀྱང་མི་འདུག
ག་ལ་ཡོད ཁོང་ཚོས་ངའི་སེམས་ཁམས་ག་ལ་ཤེས
ཁོང་ཚོས ངའི་འཆི་གསོན་གྱི་འབྲེལ་ཐག་གང་ནས་རྟོགས
ཐ་ན ཁོང་ཚོས་ང་ལ་འགྲོ་བ་མི་ལ་དབང་བའི་ཐོབ་ཐང་ཡོད་མེད་ཀྱང་མི་ཤེས
གོ་ཐོས་སུ མེ་གོར་གོར་ཞིག་རེད་ཟེར
ཐོས་པ་ལྟར་ན མེ་ནི་ཟླུམ་པོ་ཞིག་རེད་ཟེར
ཤེས་པ་ཡིན་ན མེ་ནི་ཚ་ཞིང་བསྲེག་པ་ཞིག་རེད་འདུག
འདང་ནུབ་རང་གི་མཛུབ་མོའི་རྩེ་ལ་བཙུགས་པའི་ཐ་མག་གི་མེ་རོ་དེས་ཤེས་སུ་བཅུགས
མེ་་་ ཁྱོད་ལ་སྙིང་རྗེ་ཡོད་དམ ཁྱོད་ལ་རྒྱུ་འབྲས་ཡོད་དམ
དམར་པོ་མེ ངའི་ཕ་ཡུལ་གྱི་གནམ་འོག་ན་ཁྱོད་རང་སྨྱོས་འདུག་ཟེར
མཚམས་ཤིག་བཞོག ང་ཐག་རིང་ནས་སྐྱོ་ཡི་ཡོད
ང་ཚོོ་མེ་ལ་སྲེག་དགོས་སམ་ལབ་ན་ཡག་ས་རེད་མ་གཏོགས་ཁྱོད་ཀྱི་དེ་ཕ་སྐད་ཡིན་པས་མི་མང་ཆེ་བས་གོ་ས་མ་རེད །