ཆོས་ཞུ་བའི་ཆེད་དུ། ས་ཐང་རིང་བོ་ནས་ཡོང་བ་དང་། བླ་མའི་བྱིན་རླབས་ཐོབ་པའི་ཆེད་དུ་རྒྱང་རིང་ས་ནས་འགྲོ་སོང་དང་དཀའ་ཚེགས་ཆེས་མང་བོ་ཞིག་བརྒྱུད་དེ་གནས་མཆོག་རྡོ་རྗེ་གདན་དུ་འདུ་བཞིན་པའི་དད་ལྡན་པ་ཚོ། མྱི་ཞིག་གི་མྱི་ཚེ་ནང་དུ་དམར་ཟས་སྤོང་ཞེས་བཤད་རྒྱུ་དང་རེ་སྐུལ་ཞུ་རྒྱུ་དེ་འདྲའི་སྤོབས་པ་ནི་ང་རང་ལ་མེད་ཀྱང་། ད་རེབས་ཀྱི་དུས་དབང་ལ་ཆེད་དུ་ཐག་རིང་ས་ནས་འགྲོ་སོང་བཏང་། དཀའ་བ་སྤྱད་དེ་འོང་བའི་དགོས་དོན་ནི། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཞིག དུས་རབས་ཉེར་གཅིག་པའི་སྟོན་པ་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་གི་མདུན་ནས་བཀའ་དབང་དང་གསུང་ཆོས་ཤིག་ཐོབ་པ་དང་མཉམ་དུ་དགེ་སྤོང་སྡུག་སྒྲུབ་ཀྱི་བྱ་བ་རེ་བྱེད་ཐུབ་ན་སྙམ་པ་ནི། བཤད་མི་དགོས་པ་ཞིག་ཡིན་དུས། དད་ལྡན་པ་སྐྱེ་བོ་ཁྱེད་ཅག་ནི་བསྐལ་བ་བཟང་བོའི་བུ་སློབ་དུ་གྱུར་ནས་དུས་དབང་དུ་འབྱོར་ཡོད་ན། དུས་དབང་གི་འགོ་སྔ་གཞུག་བར་གསུམ་ལ་དམར་ཟས་སྤོང་རྒྱུ་ནི། བདག་གིས་སེམས་ཁོང་རུས་པའི་གཏིང་གི་འབོད་སྐུལ་ཡིན། ཁ་ཤས་ཀྱིས་ཁྲོམ་ནས་བཙོང་བཞིན་པ་དེ་དག་ནི་ང་རང་ཚོའི་ཆེད་དུ་གསད་པ་མ་རེད་ཅེས་བསམ་སྲིད། དེ་འདྲ་བསམ་ན་ནི་ནོར་བ་ཡིན། ཟ་མཁན་མེད་ན་བཙོང་མཁན་མེད་ལ། ཟ་མཁན་མེད་དུས་སུ་བཙོང་མཁན་ཡང་ཡོང་གི་མེད་ལ། སེམས་ཅན་ཆེས་མང་བོ་ཞིག་སྲོག་ཡང་རང་བཞིན་གྱིས་ཐར་ནས་ཡོད། ད་དུང་། ཆོས་ཕྱོགས་ནས་བཤད་ན་སྡིག་སྤོང་ཡིན་ལ། ཆོས་ལུགས་ཁས་མི་ལེན་པའི་མི་ཞིག་གི་དངོས་ནས་བཤད་ན། བཙོང་མཁན་དེ་དག་གི་རིགས་ཀྱི་ཤ་རིགས་གང་ཡིན་ཡང་གཙང་མ་མེད་པ་དང་། འཕྲོད་བརྟེན་ལས་ཁུངས་སོགས་ནས་བཙོང་ཆོག་པའི་དབང་ཆ་སོགས་གང་ཡང་སྤྲད་མེད་པར། རང་རང་གི་ཚོང་ཁེ་ཡི་ཆེད་དུ་སེམས་ཅན་གང་ལག་དུ་ཐེབས་པ་དག་གསོད་ཀྱིན་ཡོད་དུས། འཕྲོད་བརྟེན་ལ་ཡང་གནོད་པ་ཡིན། དེ་ནི་ངས་རྒྱང་རིང་ས་ཞིག་ནས་རང་གི་རིགས་ཀྱི་དད་ལྡན་པ་ཆོས་ཞུ་བ་ཡོངས་ལ་སྙིང་ཁོང་རུས་པའི་གཏིང་ནས། གསོལ་འདེབས་དང་སྐུལ་ལྕགས་ནན་པོ་བྱེད་ཀྱི་ཡིན། དུས་དབང་སྐབས་སུ་བོད་མི་དད་ལྡན་པ་དག་གིས་ཤ་བཙོང་མི་བྱེད་པ། ཤ་མི་ཟ་བ། ཟ་ཁང་གཉེར་མཁན་དག་གིས་ཟ་ཁང་དུ་ཤ་མེད་བཟོ་བ། དཀར་ཟས་ཁོ་ནའི་དུས་དབང་ཞིག་བྱུང་རྒྱུར་དད་ལྡན་པ་དང་ཉེ་འཁོར་གྱི་ཚོང་ལས་པ་ཡོངས་ཀྱི་མཉམ་གནས་བྱེད་རྒྱུར་སྐྱབས་མཇུག་ཞུ། ཚོགས་བསགས་ནི་ཆོས་ཀྱི་སྙིང་བོ་ཡིན་ལ། དགེ་བ་སྒྲུབ་པ་ནི་བླ་མའི་ཞབས་བརྟན་ཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།